བོད་མདོ་དབུས་མཐོ་སྒང་གི་མཚོ་དང་མཚེའུ་ནང་རྫས་རིཊ་དང་ཚ་ཆུ་མང་བས་སྐྱེ་ལྡན་ཕྲ་རབ་འཚོ་གནས་མི་ཐུབ་པའི་དཀའ་ངལ་བྱུང་གི་ཡོད་པ་རྒྱ་ནག་གི་ཉམས་ཞིབ་གྲུབ་དོན་ནང་གསལ་སྟོན་བྱས་འདུག

2024.12.30
བོད་མདོ་དབུས་མཐོ་སྒང་གི་མཚོ་དང་མཚེའུ་ནང་རྫས་རིཊ་དང་ཚ་ཆུ་མང་བས་སྐྱེ་ལྡན་ཕྲ་རབ་འཚོ་གནས་མི་ཐུབ་པའི་དཀའ་ངལ་བྱུང་གི་ཡོད་པ་རྒྱ་ནག་གི་ཉམས་ཞིབ་གྲུབ་དོན་ནང་གསལ་སྟོན་བྱས་འདུག གནམ་མཚོ་དང་མཚོ་སྐོར་གནས་མཇལ་བ། ༠༦།༢༠༢༡
AP

བོད་མཐོ་སྒང་དུ་ཚ་ཆུ་འཕེལ་རྒྱས་འགྲོ་བཞིན་ཡོད་པའི་གནས་སྟངས་སྐོར་རྒྱ་ནག་གི་ཁོར་ཡུག་ཉམས་ཞིབ་པ་དང་ཚན་རིག་པ་དང་ཁོར་ཡུག་ཉམས་ཞིབ་པ་ཁག་ཅིག་གིས་བཏོན་པའི་ཉམས་ཞིབ་ཀྱི་གྲུབ་འབྲས་ལས་གསལ་འདོན་བྱས་ཡོད་ཅིང་། དེ་ལ་བརྟེན་ནས་མདོ་དབུས་མཐོ་སྒང་གི་མཚོ་དང་མཚེའུ་ནང་གི་སྲོག་ཆགས་དང་སྐྱེ་ལྡན་ཕྲ་རབ་དག་འཚོ་གནས་མི་ཐུབ་པའི་དཀའ་ངལ་བྱུང་གི་ཡོད་པའི་གནས་སྟངས་སྐོར་ཞིབ་འཇུག་མང་པོ་ཞིག་ལས་ཇེ་གསལ་དང་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད་འདུག
འཛམ་གླིང་སྟེང་ས་བབ་ཆེས་མཐོ་ཤོས་བོད་མདོ་དབུས་མཐོ་སྒང་དུ་མཚོ་དང་མཚེའུ་མང་པོ་ཡོད་ཅིང་། ཚྭ་ཆུའི་ཁྱབ་ཚད་རྒྱ་ཆེ་བ་དང་། ཚྭ་ཁུའི་རྫས་རིགས་འཕེལ་རྒྱས་བྱུང་བཞིན་པའི་འགྱུར་བ་དེ་ནི་ཁོར་ཡུག་གི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ཞིང་། དེས་སྲོག་ཆགས་དང་སྐྱེ་ལྡན་ཕྲ་རབ་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པ་དང་། མཚོའི་སྐྱེ་ཁམས་མ་ལག་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་སྐོར་རྒྱ་ནག་གི་འབྲེལ་ཡོད་ཆེད་མཁས་ཞིབ་འཇུག་པ་ཚོས་༢༠༢༤ ཕྱི་ཟླ་ ༤ ནང་དུ་རྒྱ་ནག་གི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ས་གཤིས་སྐྱེ་ལྡན་རིག་པའི་ཆེད་ལས་བགྲོ་གླེང་ཚོགས་འདུ་ཞེས་པ་ཚོགས་པའི་ཐོག་གསལ་སྟོན་བྱས་པའི་གནས་ཚུལ་ཞིག་སྤེལ་ཡོད་ཅིང་། ཞིབ་འཇུག་མི་སྣས་མུ་མཐུད་འགྲེལ་བརྗོད་བྱས་པར། མདོ་དབུས་མཐོ་སྒང་གི་ཚྭ་མཚོའི་ནང་དུ་ལྕགས་རིགས་ཀྱི་ཚད་གཞི་མི་འདྲ་བ་སྣ་མང་ཡོད་པ་དང་། དེ་རིགས་ཁྲོད་གཏེར་རྫས་ཆགས་པའི་འགྱུར་རྫས་མང་པོ་ཡོད་སྲིད་པའི་སྐོར་བརྗོད་པ་དང་། ཡང་འགྱུར་འགྲོས་དེས། སའི་གོ་ལ་ཆགས་དུས་ཀྱི་སྔ་མོའི་དུས་སྐབས་ཀྱི་སྐྱེ་ལྡན་ས་ཁམས་རྫས་སྦྱོར་གྱི་བྱ་རིམ་གལ་ཆེན་ཞིག་གི་ཁོར་ཡུག་ནང་དུ་འཚོ་བཅུད་ཀྱི་དངོས་རྫས་དང་འབག་བཙོག་གི་དངོས་རྫས་གནས་སྤོ་བཅས་ཀྱི་བརྒྱུད་རིམ་ཁྲོད་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་ཀྱི་ཡོད་ལུགས་བརྗོད་ཡོད་འདུག
རྒྱ་ནག་གིས་བོད་ཁུལ་དུ་ཆུ་མཛོད་གསར་རྒྱག་དང་གཏེར་ཁ་སྔོག་འདོན། གནས་རི་སོཊ་རི་བོ་མང་པོར་སྦུགས་ལམ་བཟོ་བ་སོཊ་བོད་ཀྱི་རི་མཐོ་ས་གཙང་གི་ཁོར་ཡུག་ལ་གཏོར་བཤིག་དང་རྫས་འགྱུར་སྣ་ཚོགས་ཀྱིས་འབག་བཙོག་བཟོས་དང་བཟོ་མུས་ཡིན་སྐོར་རྒྱལ་སྤྱིའི་སྟེང་ཁོར་ཡུག་སྲུང་སྐྱོབ་གནང་མཁན་མང་པོས་ཐེར་འདོན་བྱེད་མུས་ཡིན་པ་རེད།
ཉེ་ཆར་ཕྱི་ཟླ་ ༡༢ ནང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། རྒྱ་ནག་གཞུང་གིས་བོད་ནང་གི་ས་ཁུལ་ ༡༩༣ ནང་། བོད་ཀྱི་གཙང་བོ་ཁག་ལ་ཆུ་རགས་འཛུགས་སྐྲུན་བྱས་དང་བྱེད་འཆར་ཡོད་པ་དེ་རིགས་ཀྱིས། བོད་ཀྱི་ཁོར་ཡུག་དང་རིག་གཞུང་། སྤྱི་ཚོགས་ལ་གནོད་སྐྱོན་བཟོ་བཞིན་ཡོད་པའི་ཐད་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ཡོད་པ་རེད།
གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཆེས་མཐོའི་ཚོགས་ཆེན་ (COP29) ཞེས་པ་དེ་ཉེ་ཆར་ཕྱི་ཟླ་ ༡༡ ནང་ཨ་ཛར་བྷཡེ་ཇན་ (Azerbaijan) གྱི་གྲོང་ཁྱེར་བྷ་ཀུ་ (Baku) ནང་ཚོགས་པའི་སྐབས་སུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པས། རྒྱ་ནག་གཞུང་གིས་བོད་ནང་ཆུ་མཛོད་གསར་རྒྱག་བྱེད་པ་སོཊ་ཀྱི་ལས་གཞི་སྣ་ཚོཊ་ཀྱི་རྐྱེན་གྱིས་བོད་མཐོ་སྒང་གི་ཁོར་ཡུག་གནས་སྟངས་ཛ་དྲག་ཆགས་ཡོད་སྐོར་གསལ་འདོན་བྱས་པའི་དོན་ཚན་བཅུ་ཅན་གྱི་ཡིག་ཆ་ཞིག་འགྲེམ་སྤེལ་བྱས་འདུག་ལ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཡིག་ཆ་དེའི་ནང་། རྒྱ་ནག་གཞུང་གིས་འབྲི་ཆུའི་བཞུར་རྒྱུན་དུ་ཆུ་མཛོད་གསར་རྒྱག་བྱེད་པ་སོགས་བོད་ནང་གི་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་གཏོང་བཞིན་པ་དེས། བོད་ཀྱི་ཁོར་ཡུག་གཏོར་བཤིག་འགྲོ་བ་ཁོ་ན་མིན་པར་གཤམ་འོག་གི་གཙང་ཆུའི་བཞུར་རྒྱུན་དུ་གནས་སྡོད་བྱེད་མཁན་རྣམས་ཀྱི་འཚོ་བར་ཡང་གནོད་འཚེ་གཏོང་བཞིན་པ་སོགས་ཀྱི་སྐོར་གསལ་འདོན་བྱས་ཡོད་པ་གསུངས་བྱུང་ལ། དེ་བརྒྱུད་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ཆེད་རྒྱལ་སྤྱིའི་ཐོག་ནས་གོ་རྟོགས་ཐུབ་རྒྱུ་དང་རྒྱབ་སྐྱོར་ཐོབ་རྒྱུར་དམིགས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་བདེ་ཆེན་དཔལ་མོ་ལགས་ཀྱིས་མུ་མཐུད། རྒྱ་ནག་གཞུང་གིས་ད་བར་བོད་ནང་གི་གཙང་པོ་ཁག་གི་སྟེང་། ཆུ་རགས་ ༡༩༠ ལྷག་འཛུགས་སྐྲུན་བྱས་ཡོད་པ་དེ་དག་ལས་ཆུ་རགས་ ༨༠ ལྷག་ས་གཤིས་བརྟན་པོ་མེད་སར་ཡིན་པ་དང་། ས་ཡོམ་འབྱུང་ཉེན་ཡོད་པའི་ས་ཁུལ་བཅས་སུ་བརྒྱབ་ཡོད་པ་མ་ཟད། ཆུ་རགས་དེ་དག་གི་རྐྱེན་གྱིས་ས་གནས་བོད་མི་རྣམས་གནས་སྤོ་བྱེད་དགོས་འཁེལ་གྱི་ཡོད་ཅིང་། གནའ་བོའི་དགོན་པ་གཏོར་བཤིག་སོཊ་ཀྱི་ཛ་དྲག་གནས་སྟངས་བྱུང་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་ཡོད།
ཡང་རྒྱ་གར་ནང་གི་ཁོར་ཡུག་ཉམས་ཞིབ་པ་ (Himdhara Environment Research and Action Collective-HERAC)ཞེས་པའི་ཚོགས་པ་གསར་འཛུགས་གནང་མཁན་དང་། ཁོར་ཡུག་ལས་འགུལ་བ་མཎ་ཤི་ ཨ་ཤར་(Manshi Asher) ལགས་ཀྱིས། རྒྱ་གར་དང་རྒྱ་ནག་གཉིས་བར་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་གཙང་པོ་ཁག་གི་སྟེང་། ཆུ་རགས་འཛུགས་སྐྲུན་སྐོར་གྱི་སྲིད་བྱུས་ཐད་ཕན་ཚུན་མཉམ་འབྲེལ་མེད་པ་དེས། ཁོར་ཡུག་གནོད་སྐྱོན་དང་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ངན་པ་བྱུང་གི་ཡོད་པས། མ་འོངས་པར་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་ཕན་ཚུན་མཉམ་འབྲེལ་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར་འགྲེལ་བརྗོད་གནང་ཡོད།
རྒྱ་ནག་གཞུང་གིས་༢༠༢༤ལོ་གཅིག་པུར་བོད་ནང་གི་རྨ་ཆུ་དང་འབྲི་ཆུ་གཉིས་ཀྱི་བཞུར་རྒྱུན་ཁག་ཏུ་ཆུ་ཤུགས་གློག་འདོན་ས་ཚིགས་ཆེ་གྲས་ཁག་ཅིག་རྒྱག་ཆེད་བཙན་དབང་སྒོ་ནས་ས་གནས་ཡུལ་མི་གནས་སྤོ་དང་བོད་ཀྱི་གནའ་བོའི་དགོན་པ་ཁག་ཅིག་གཏོར་བཤིག་བཏང་དང་གཏོང་འཆར་གྱི་དཀའ་ངལ་འཕྲད་ཡོད་ཅིང་། ཕྱི་ལོ་ ༢༠༢༤ ཟླ་ ༢ ནང་སྡེ་དགེ་མི་མང་གིས་ཆུ་མཛོད་གསར་རྒྱག་ཕྱིར་འཐེན་བྱ་རྒྱུར་ཞུ་སྐུལ་བྱས་རྐྱེན། བོད་མི་མང་པོ་འཛིན་བཟུང་བཙོན་མཇུག་དང་བཅར་རྡུང་སོགས་བྱས་པ་མ་ཟད། སྡེ་དགེ་དབོན་སྟོད་དགོན་བཙན་ཐབས་ཀྱིས་གནས་སྤོ་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད་ལ། ཕྱི་ཟླ་ ༤ ནང་མགོ་ལོག་རྭ་རྒྱ་གྲོང་རྡལ་མར་སྟེང་སྡེ་པའི་ཉེ་འགྲམ་དུ་ཆུ་མཛོད་བརྒྱབ་རྐྱེན་རྨ་ཆུའི་བཞུར་རྒྱུན་ཇེ་ཉུང་དུ་ཕྱིན་པ་དང་ཉེ་ཁོར་གྱི་རྩི་ཤིང་དང་སྐྱེ་ཁམས་དོ་མི་སྙོམས་པ། དབྱར་ཁ་གློ་བུར་ཏུ་ཆུ་ལོག་བྱུང་བ་སོགས་ཀྱི་རང་བྱུང་གནོད་འཚེ་ཇེ་མང་དུ་ཕྱིན་ཡོད་པ་རེད། དེ་བཞིན་རྒྱ་ནག་གཞུང་གིས་རྨ་ཆུའི་རྒྱུད་དུ་ཆུ་མཛོད་རྒྱག་ཆེད་ཨ་ཚོགས་དགོན་པ་རྩ་གཏོར་དང་ས་གནས་བོད་མི་གཞི་སྤོ་བྱེད་དགོས་བྱུང་བ་སོགས་ཀྱི་གནས་ཚུལ་ཡང་བྱུང་ཡོད་པ་རེད།
རྒྱ་ནག་གི་ཚན་རིག་པ་ཚོས། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་རྐྱེན་གྱིས་བོད་མཐོ་སྒང་གི་འཁྱགས་རོམ་བཞུ་བཞིན་པ་དང་། ས་ཁམས་བརྟན་པོ་མེད་པར་གྱུར་ཡོད་སྐོར་གྱི་ཉེན་བརྡ་གཏོང་བཞིན་ཡོད་ནའང་། རྒྱ་ནག་གིས་བོད་ཀྱི་གཙང་པོ་ཆེ་ཁག་སྟེ་རྨ་ཆུ་དང་འབྲི་ཆུ། ཡར་རླུང་གཙང་པོ་སོཊ་ཀྱི་བཞུར་རྒྱུན་ཁག་ཏུ་ཆུ་མཛོད་ཆེ་ཁག་གསར་རྒྱག་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་བཞིན་ཡོད་ལུགས་རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་མོད། འོན་ཀྱང་བོད་ཀྱི་ས་ཁུལ་ཁག་ཏུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་དང་གཏེར་ཁ་སྔོག་འདོན་གྱི་ལས་གཞིའི་རིགས་མུ་མཐུད་རྒྱ་བསྐྱེད་གཏོང་བཞིན་ཡོད་པ་དང་། དེས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཤུགས་ཆེར་གཏོང་བཞིན་ཡོད་པ་མ་ཟད། བོད་ཀྱི་གཙང་ཆུ་ཆེ་ཁག་གི་བཞུར་རྒྱུན་དུ་གནས་པའི་རྒྱལ་ཁབ་གཞན་དག་ལ་ཡང་གནོད་འཚེ་ཕོག་གི་ཡོད་སྐོར་འབྲེལ་ཡོད་ཆེད་མཁས་མི་སྣ་ཚོས་ཐེར་འདོན་བྱེད་མུས་ཡིན་པ་རེད།།


གསར་འགོད་པ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎