ཧྥ་རན་སིའི་གྲོས་ཚོགས་གོང་མའི་ཁོར་ཡུག་ཚན་པའི་ནང་བོད་མཐོ་སྒང་གི་ཆུའི་དཀའ་ངལ་སྐོར་བགྲོ་གླེང་གནང་འདུག

འདི་ཚེས་༣་རེས་གཟའ་མིག་དམར་ཉིན་ཧྥ་རན་སིའི་གྲོས་ཚོགས་གོང་མའི་ཁོར་ཡུག་ཚན་པས་བོད་མཐོ་སྒང་གི་ཆུའི་དཀའ་ངལ་སྐོར་བགྲོ་གླེང་ཚོགས་འདུ་ཞིག་བསྡུ་སྐོང་གནང་ཡོད་པ་དང་། བགྲོ་གླེང་ཚོགས་འདུ་དེ་བཞིན་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་(Jacqueline Eustache-Brinio)་ལགས་ཀྱིས་གོ་སྒྲིག་གནང་བ་དང་། དེའི་ཐོག་ཡོ་རོབ་ཁུལ་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངེས་སྟོན་པ་(Vincent Mattern)་ལགས་མཉམ་ཞུགས་གནང་ཡོད་པ་རེད།
བགྲོ་གླེང་སྐབས་བོད་མཐོ་སྒང་དེ་བཞིན་ཨེ་ཤེ་ཡའི་ནང་གི་གཙང་པོ་ཆེ་ཁག་གི་འགོ་ཁུངས་ཡིན་པའི་གནད་འགག་དང་། རྒྱ་ནག་གཞུང་གིས་བོད་ནང་གི་གཙང་པོ་ཁག་གི་བརྒྱུད་དུ་ཆུ་རགས་གསར་རྒྱག་གི་ལས་གཞི་གཞི་རྒྱ་ཆེན་པོ་སྤེལ་བཞིན་ཡོད་པ་དེས་སྤྱིར་བོད་ཀྱི་ཁོར་ཡུག་ལ་གནོད་འཚེ་དང་། ཡང་སྒོས་བོད་མཐོ་སྒང་གི་འཁྱགས་རོམ་ནས་ཐོན་པའི་གཙང་ཆུ་རྒྱུག་ཡུལ་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་ནང་མང་ཚོགས་ལ་ཆུའི་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་པའི་གནས་ལུགས་སྐོར་གསལ་སྟོན་དང་བཅས་བགྲོ་གླེང་གནང་འདུག
ཡོ་རོབ་ཁུལ་གྱི་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། བོད་མཐོ་སྒང་གི་གཙང་པོ་དང་འབྲེལ་བའི་བགྲོ་གླེང་ལས་རིམ་དེར་ཁོར་ཡུག་ཐོག་ཉམས་ཞིབ་གནང་མཁན་དང་ཆེད་ལས་པ་ཁག་ཅིག་མཉམ་ཞུགས་ཀྱིས་བགྲོ་གླེང་གིས་བསམ་ཚུལ་བརྗེ་རེས་གནང་ཡོད་པ་རེད་འདུག
གསར་འགོད་པ། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།