༸གོང་ས་མཆོག་གིས་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་བསྩལ་གནང་མཛད་རྒྱུ།
2020.01.25

ཟླ་བ་འདིའི་ཕྱི་ཚེས་༢༤ རེས་གཟའ་པ་སངས་ཉིན་རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལ་ནས་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་༸རྒྱལ་བསྟན་རིང་དུ་གནས་སླད་སྐུ་ངལ་ལྷུར་བཞེས་ཀྱིས་དུས་ནས་དུས་སུ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་འབོག་བཞིན་ཡོད་པ་ལྟར། རིང་མིན་བོད་ཟླ་དང་པོ་ཆོ་འཕྲུལ་ཟླ་བའི་ཚེས་དགེ་བ་ཞིག་ལ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་འབོག་བསྩལ་གནང་གཏན་འཁེལ་ཡོད་པས། སྔར་བཞིན་དོན་གཉེར་ཅན་རྣམས་ཀྱིས་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་ནས་དགའ་ལྡན་ཕོ་བྲང་ཡིག་ཚང་དུ་ཁུངས་སོ་སོའི་རྒྱབ་གཉེར་དང་བཅས་ཐོ་འགོད་ཡོང་བ་ཞུ་ཞེས་བཀོད་འདུག་ཅིང་། དགའ་ལྡན་ཕོ་བྲང་གི་༸རྒྱལ་བའི་གསུང་འབུམ་ཕྱོགས་སྒྲིག་སྡེ་ཚན་གྱི་འགན་འཛིན་ཡང་སྟེང་རིན་པོ་ཆེ་མཆོག་གིས། སྤྱིར་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་ཟེར་ན་རབ་ཏུ་བྱུང་བའི་སྡོམ་པ་ལ་གོ་དགོས་ཤིང་། དགེ་ཚུལ་དང་དགེ་སློང་གི་སྡོམ་པ་གཉིས་ལ་སྤང་བྱའི་ཆ་ནས་མང་ཉུང་གི་ཁྱེད་པར་ཆེན་པོ་ཡོད་པ་མ་ཟད། དགེ་སློང་གི་སྡོམ་པ་ཞུ་པའི་སྐབས་ཁྱིམ་དུ་གནས་པའི་སྐྱོན་མཐོང་། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ཡོན་ཏན་མཐོང་བ་དེ་འདྲའི་བསམ་བློ་ཞིག་གཞི་རྩ་ལ་དགོས་ཀྱི་ཡོད་རེད་ལ། དགེ་སློང་གི་སྡོམ་པ་དེ་རང་ལོ་ཉི་ཤུ་ལོན་ན་མ་གཏོགས་ཞུ་ཆོག་གི་མེད་པའི་སྐོར་འདི་གའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང་།
ཡང་དགེ་ཚུལ་གྱི་སྡོམ་པ་ནི་དགེ་སློང་གི་སྡོམ་པའི་སྔོན་འགྲོའི་སྡོམ་པ་ལྟ་བུ་ཡིན་ཞིང་། ཕྲུ་གུ་ལོ་བདུན་སོན་བའི་སྐབས་དགེ་ཚུལ་གྱི་སྡོམ་པ་ཞུ་ཆོག་གི་ཡོད་པ་དང་། དེ་ནས་དགེ་ཚུལ་གྱི་སྡོམ་པ་ཡང་དག་ཉམས་ལེན་བྱས་པའི་རྗེས་གཞི་ནས་དགེ་སློང་གི་སྡོམ་པ་ཞུ་ཆོག་གི་ཡོད་པ་དང་། མདོར་ན་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་ནི་སངས་རྒྱས་ཀྱི་གོ་འཕང་ལ་འགྲོ་སའི་སྐས་འཛེགས་ལྟ་བུ་ཞིག་ཡིན་པ་ཡང་སྟེང་རིན་པོ་ཆེ་མཆོག་གིས་འགྲེལ་བརྗོད་གནང་སོང་།
སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལོ་འཆར་ཅན་བོད་ཟླ་དང་པོའི་ནང་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་གནང་སྲོལ་ཡོད་པ་དང་། དེ་ཡང་བོད་རིགས་ཙམ་མིན་པར་ཐེ་ཝན་དང་ཀོ་རི་ཡ་སོགས་ཕྱི་རྒྱལ་མི་རིགས་ལ་ཡང་སྡོམ་པ་དེ་གཉིས་གནང་སྲོལ་ཡོད་པ་རེད་འདུག