དགོན་པའི་ས་ཆ་ཕྱིར་སྤྲོད་དགོས་བའི་དགོས་འདུན་བཏོན་འདུག
2017.03.08
རེབ་གོང་རོང་བོ་དགོན་པའི་དགེ་འདུན་པ་ཚོས་རྒྱ་ནག་གཞུང་ལ་དགོན་པའི་ས་ཆ་ཕྱིར་སྤྲོད་དགོས་པའི་རེ་བ་དང་དགོས་འདུན་འདོན་བཞིན་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བར་གཞིགས་ན། མཚོ་སྔོན་རྨ་ལྷོ་རེབ་གོང་རོང་བོ་དགོན་ཆེན་གྱིས་དེ་སྔ་རྨ་ལྷོ་དགེ་ཐོན་སློབ་གྲྭར་གཡར་བའི་ས་ཆ་དེ་ད་ཆ་ས་གནས་རྒྱ་ནག་གཞུང་གིས་བདག་འཛིན་གཞུང་བཞེས་གཏོང་བཞིན་པར་བརྟེན་ནས་དགོན་པའི་དགེ་འདུན་པ་ཚོས་མི་འདོད་ངོ་རྒོལ་གྱི་རྣམ་འགྱུར་སྟོན་བཞིན་ཡོད་པ་མ་ཟད། དགོན་པའི་ས་ཆ་ཕྱིར་སྤྲོད་དགོས་པའི་རེ་བ་དང་དགོས་འདུན་འདོན་བཞིན་འདུག
ས་གནས་བོད་མི་ཞིག་གིས་བརྗོད་དོན། རེབ་གོང་རོང་བོ་དགོན་ཆེན་གྱིས་དེ་སྔ་རིག་གནས་གསར་བརྗེའི་ཡར་སྔོན་ལ་དགོན་པའི་ས་ཁོངས་ནས་གསུམ་ཆ་གཅིག་ཡས་མས་ཤིག་ལོ་མང་གོང་ནས་རྨ་ལྷོ་དགེ་ཐོན་སློབ་གྲྭར་གཡར་ཡོད་ཀྱང་སྤྱི་ལོ་༢༠༡༦་ལོའི་ནང་རིམ་པས་སློབ་གྲྭ་དེ་སྒོ་དམར་དགོན་པའི་ཉེ་འདབས་སུ་གནས་སྤོས་ཟིན་པའི་རྗེས་༢༠༡༧་ལོར་ས་གནས་སྲིད་གཞུང་གི་ལས་ཁུངས་རེ་འགའ་ས་དེར་གནས་སྤོས་ནས་ཁང་པ་སོ་སོའོ་སྒོའི་ཐོག་ལ་བདག་དབང་གི་ཡི་གེ་སྦྱར་བ་དང་། བདག་བཟུང་བྱེད་བཞིན་པར་བརྟེན་དེང་སྐབས་དགོན་པའི་དགེ་འདུན་པ་ཚོས་ས་གནས་རྒྱ་ནག་གི་འབྲེལ་ཡོད་ལས་ཁུངས་ཚན་པར་དགོན་པའི་ས་ཆ་ཕྱིར་དགོན་པར་སྤྲོད་དགོས་བའི་རེ་སྐུལ་བྱེད་པ་དང་། བདག་བཟུང་གི་བྱ་སྤྱོད་ལ་མི་འདོད་པའི་ངོ་རྒོལ་གྱི་རྣམ་འགྱུར་དང་སྦྲགས་དགོན་པའི་འཚོ་བའི་ཐོན་ཁུངས་ཀྱང་ཧ་ཅང་ཞན་པས་ས་གནས་སྲིད་གཞུང་གིས་དགོན་པར་འཚོ་བ་ཐག་གཅོད་བྱེད་ཡུལ་གྱི་ཐོན་ཁུངས་ཤིག་དམིགས་བསལ་གྱིས་སྤྲོད་རྒྱུ་མེད་ནའང་གདོད་མ་ནས་དགོན་པར་དབང་བའི་ས་ཆ་དེ་ཆ་ཚང་དགོན་པར་ཕྱིར་སྤྲོད་དགོས་པའི་བསམ་ཚུལ་འདོན་བཞིན་པ་རེད།
ད་དུང་དགེ་འདུན་པ་ཚོས་དགོན་པའི་དོ་དམ་མི་སྣ་ཚོར་སྙན་ཞུ་བྲིས་ནས། དགོན་པའི་ས་ཆའི་གནད་དོན་ཐད་ངེས་པར་དུ་འགན་ཁུར་དགོས་པ་དང་། འགན་ཁུར་མི་ཐུབ་ཚེ་གྲྭ་མང་ཡོངས་ལ་གསལ་བཤད་དགོས་ཚུལ་བརྗོད་བཞིན་ཡོད་པའི་སྐོར་ངོ་སྤྲོད་གནང་ཡོད་པ་རེད།
གནས་ཚུལ་ལྟར་ན། རེབ་གོང་རོང་བོ་དགོན་ཆེན་ལ་དེང་སྐབས་དགེ་འདུན་པ་ཞལ་གྲངས་བདུན་བརྒྱ་ལྷག་ཡོད་པ་དང་། གོང་གི་ས་ཆ་དེར་རེབ་གོང་རོང་བོ་དགོན་པའི་བླ་མ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཟུར་ཞིང་གཤེགས་ཨ་ལགས་འཇིགས་མེད་ལྷུན་གྲུབ་མཆོག་གི་གཟིམ་ཤག་ཡོད་པ་མ་ཟད། དེ་སྔ་དགོན་པའི་དབྱར་གནས་སྐབས་སུ་ཆོས་རྩོད་བྱེད་ས་དེ་ཡང་ཡིན་པ་རེད།
གསར་འགོད་པ་ཀླུ་འབུམ།