ཏྲེ་ཧོར་གཟིག་རྒྱབ་རིན་པོ་ཆེ་མཆོག་བཀྲིས་ལྷུན་པོ་དགོན་པའི་མཁན་པོར་ཁྲི་གསོལ།
2019.02.11
ཏྲེ་ཧོར་གཟིག་རྒྱབ་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་ཐུབ་བསྟན་རབ་རྒྱས་མཆོག་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་དགོན་པའི་མཁན་པོ་ཁྲི་ཐོག་ལྔ་བར་མངའ་གསོལ་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་གདན་ས་བཀྲིས་ལྷུན་པོའི་དགོན་པའི་ཏྲེ་ཧོར་གཟིག་རྒྱབ་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་རྗེ་བཙུན་བསྟན་འཛིན་ཐུབ་བསྟན་རབ་རྒྱས་མཆོག་ལ་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཀྱི་མཁན་པོའི་ཁྲི་ཐོག་ལྔ་པའི་ཕྱག་རྟགས་བཀའ་ཡིག་ཕེབས་དོན་ལྟར། ཕྱི་ཟླ་ ༢ ཚེས་༡༡་ཉིན་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་དགོན་པའི་ནང་མཁན་པོ་གསར་པའི་ཁྲི་འདོན་གྱི་རྟེན་འབྲེལ་མཛད་སྒོ་གནང་ཡོད་པ་རེད།
མཛད་སྒོའི་ཐོག་གདན་ས་སེ་འབྲས་དགའ་གསུམ་གྱི་མཁན་རིན་པོ་ཆེ་དང་མཁན་པོའི་སྐུ་ཚབ། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་མི་དམངས་ཁྱོན་ཆེ་ཁྲི་འདོན་རྟེན་འབྲེལ་གྱི་མཛད་སྒོའི་ཐོག་ཆེད་ཕེབས་གནང་ཡོད་པ་རེད།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་དགོན་པའི་མཁན་པོ་ཁྲི་ཐོག་ལྔ་པ་གཟིག་རྒྱབ་རིན་པོ་ཆེ་མཆོག་ནི། རྒྱ་གར་ལྷོ་ཕྱོགས་ཀོ་ལ་པུར་དུ་ཕྱི་ལོ་༡༩༨༣་སྐུ་འཁྲུངས་ཤིང་ཕྱི་ལོ་༡༩༨༦་ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཁོང་གཟིག་རྒྱབ་སྐུ་ཕྲེང་༤་པའི་ཡང་སྲིད་དུ་ངོས་འཛིན་མཛད་ཏེ་ལོ་དེར་རིན་པོ་ཆེ་མཆོག་བཀྲིས་ལྷུན་པོའི་དགོན་པའི་ནང་ཆོས་བཞུགས་ཀྱི་ཡི་གེ་བྲིས་ཀློག་སྦྱོང་བརྩོན་གནང་ཞིང་། ཕྱི་ལོ་་༡༩༨༩་ལོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་གཞིར་བཟུང་གི་གདན་ས་ཆེན་པོ་དགའ་ལྡན་བྱང་རྩེ་གྲ་ཚང་དུ་ཆོས་བཞུགས་ཀྱི་བྱང་རྩེ་མཁན་ཟུར་རིན་པོ་ཆེ་བློ་བཟང་ཆོས་ཉིད་ཀྱི་མཆོག་དགེ་བའི་བཤེས་གཉེན་དུ་བསྟེན་གནང་ཏེ་ལོ་༢༠་རིང་གཞུང་ཁག་ལ་གསན་བསམ་སློབ་གཉེར་བ་ཡོད་པ་རེད་འདུག་ལ་ཕྱི་ལོ་༢༠༠༩་ལོར་དགའ་ལྡན་དུ་སྔ་སྣུར་གྱི་པོད་ལྔའི་དགེ་བཤེས་དམ་བཅའ་བཞག་བའི་རྗེས་སུ་༢༠༡༠་ལོར་རྒྱུད་སྨད་དུ་ལོ་གཅིག་གི་རིང་སྔགས་ཀྱི་ཆོས་ཐོག་འགྲིམ་གནང་བ་དང་ཆབས་ཅིག་ལོ་དེར་བཀྲིས་ལྷུན་པོར་རྣམ་འགྲེལ་གྱི་གཙོས་པོད་ལྔའི་དམ་འཇོག་གི་དཀའ་ཆེན་བཞག་གནང་བའི་མཚམས་སུ་ཕྱི་ལོ་༢༠༡༡་ལོ་ནས་བཟུང་ལོ་ངོ་བརྒྱད་ཙམ་གྱི་རིང་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་དང་བཀྲིས་ལྷུན་པོའི་དགོན་པའི་གྲྭ་ཚང་ལས་སྣེ་རྣམ་པའི་ཐུགས་རེ་ལྟར་གྲ་ཚང་གི་ནང་གཞུང་ཆེན་ཁག་ལ་དཔེ་འཁྲིད་གནང་ཡོད་པ་རེད་འདུག
ཕྱི་ལོ་༢༠༡༨་ལོར་༧གོང་ས་མཆོག་གི་བཀའ་དགོངས་ལྟར་ཐེ་ཝན་དུ་ཟླ་བ་བརྒྱད་ཀྱི་རིང་རྒྱ་སྐད་སྦྱང་གནང་ཡོད་པ་རེད།