སློབ་གཉེར་ཐོན་པ་ཚོས་གཞུང་ཆེན་སློབ་ཁྲིད་བྱ་དགོས་པའི་ལམ་སྟོན།
2019.12.23

དེ་རིང་ཚེས ༢༣ ཉིན། ༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ནང་རྟེན་གཞི་བྱས་པའི་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བྱང་རྩེ་གྲྭ་ཚང་གི་གཞུང་ཆེན་བཀའ་པོད་ལྔའི་གཙོས་པའི་དབུ་མ་རིག་ཚོགས་དྲུག བྱམས་ཆོས་སྡེ་ལྔ་དང་། བསྡུས་གྲྭ་སོགས་ཀྱི་ཐོག་རྩོད་རྒྱུགས་ལས་རིམ་གྱི་ཚོགས་མགོན་དུ་དབུ་བཞུགས་ཀྱིས་ཐུགས་ཞིབ་མཛད་སྐབས་༧གོང་ས་མཆོག་གིས་སློབ་གཉེར་ཐོན་པ་ཚོས་བོད་ནང་ཡོད་པའི་སོ་སོའི་གཞི་དགོན་དུ་གཞུང་ཆེན་སློབ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་། ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད་ལ་ཡོད་པའི་ནང་པའི་འབྲེལ་ཡོད་དགོན་པ་དང་བཙུན་དགོན་དེ་བཞིན་མི་སྐྱ་ཕོ་མོ་ཚོ་ལ་ཡང་ནང་ཆོས་ངོ་སྤྲོད་གནང་རྒྱུ་གལ་ཆེ་ཡིན་པ་བཀའ་སྩལ་ཡོད་པ་རེད།
ཡང་གོང་ས་མཆོག་ནས་འཛམ་གླིང་འདིའི་ནང་གྲངས་འབོར་གྱི་ཆ་ནས་ནང་ཆོས་ལ་དད་པ་བྱེད་མཁན་མང་ཤོས་ཀྱི་རྒྱལ་ཁབ་དེ་རྒྱ་ནག་ཆགས་ཀྱི་ཡོད་དུས་ཁོང་ཚོར་ནང་ཆོས་ངོ་སྤྲོད་དང་ནང་ཆོས་ཀྱི་གོ་རྟོགས་སྤེལ་ནས་ཞབས་འདེགས་གྲུབ་རྒྱུའི་གོ་སྐབས་ཡོད་པ་དང་དེ་ཡོང་བ་ལ་ནང་ཆོས་ཀྱི་ཚིགས་དང་འབྲེལ་བའི་རྒྱ་སྐད་ཐོག་སློབ་སྦྱོང་བྱེད་ཐུབ་པ་ཡིན་ན་ཕན་ཐོགས་ཡོང་གི་རེད་བཅས་༸གོང་ས་མཆོག་ནས་བཀའ་སྩལ་གནང་འདུག
མཐའ་མཇུག་༸གོང་ས་མཆོག་ནས་ང་ཚོ་བཙན་བྱོལ་ལ་གནས་ཡོད་ན་ཡང་གཙོ་བོ་གདན་ས་ཁག་ནང་གཅིག་མཇུག་གཉིས་མཐུད་ཀྱི་མི་རབས་ནས་མི་རབས་སློབ་སྦྱོང་བྱས་ནས་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་ཐུབ་ཡོད་པ་དང་ད་དུང་ཡང་མུ་མཐུད་ནས་གནས་རྒྱུར་་ཚང་མས་ཧུར་ཐག་གནང་དགོས་པ་བཀའ་གནང་འདུག
ད་རེས་རྩོད་རྒྱུགས་ཀྱི་ལས་རིམ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Shiv Ram Hapellམཆོག་དང་གཞན་དཔོན་རིགས་ཁག་ཅིག་ལ་མཇལ་ཁ་སྩལ་ཡོད་པ་རེད། ཡང་སང་ཉིན་ཕྱི་ཚེས་༢༤ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མོན་གྷོ་ནང་གི་མཛད་འཆར་ཁག་ལེགས་པར་འགྲུབ་རྗེས་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་ཡིན་པ་རེད།།