༸ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་རྩད་གཅོད་ཞུ་རྒྱུ་གལ་ཆེ།
2020.02.08
དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་བཀའ་བརྒྱུད་སྨོན་ལམ་ཐེངས་༣༧པའི་ཐོག་གསུང་འཕྲིན་ཞིག་བསྩལ་གནང་བ་དང་། དེའི་ནང་གཙོ་བོ་༸ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་རྩད་གཅོད་ཞུ་རྒྱུ་དེ་གལ་ཆེན་པོ་ཡིན་ཞེས་བཀའ་གནང་འདུག གསུང་འཕྲིན་འདིའི་ནང་། ༸རྒྱལ་དབང་ཀརྨ་པ་གང་ཉིད་ཕྱི་རྒྱལ་དུ་ཡོད་པས་རྒྱལ་བ་མཐའ་ཡས་རྡོ་རྗེ་དང་མཇལ་འཕྲད་ཐེངས་གཉིས་བྱུང་བ་དང་མཇལ་འཕྲད་གཉིས་པའི་སྐབས་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ཕེབས་ཕྱོགས་དང་། དེའི་ཆེད་དུ་ཁོང་དང་མཐའ་ཡས་རྡོ་རྗེ་རྣམ་གཉིས་ནས་མཉམ་འབྲེལ་གྱི་ཞབས་བརྟན་གསོལ་འདེབས་ཤིག་ཀྱང་ལྗགས་རྩོམ་གནང་བ་ཡིན་ཞེས་བཀའ་གནང་འདུག དེ་ཡང་གཙོ་བོ་ཞྭ་དམར་རིན་པོ་ཆེ་དགོངས་པ་རྫོགས་ནས་ལོ་ལྔ་ཙམ་འགྲོ་ཡི་ཡོད་དུས། མ་འོངས་ཞ་དམར་རིན་པོ་ཆེའི་ཡང་སྲིད་ནོར་བ་འཁྲུལ་བ་མེད་པར། ང་དང་ཁོའི་ཕྱོགས་ཞེས་མ་ཡིན་པར་གཅིག་གྱུར་གྱི་ངོས་འཛིན་ཐོབ་པ་ཞིག་དགོས་པ་དེ་བསྟན་པ་སྤྱི་དང་བྱེ་བྲག་ཚང་མར་ཁ་ཚ་དགོས་གཏུགས་ཤིག་ཆགས་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་རྒྱལ་བ་མཐའ་ཡས་རྡོ་རྗེ་དང་མཉམ་དུ་ངོས་འཛིན་དང་རྩད་གཅོད་ཞུ་རྒྱུ་ཡིན་ཞེས་དམ་བཅའ་དང་ཆོད་སེམས་མཚོན་ཆེད་དུ་བྲིས་པ་ཡིན་ཞེས་གསུངས་འདུག
དེ་བཞིན་དཔལ་༸རྒྱལ་དབང་ཀརྨ་པས་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ཐད་ཁོང་གིས་འབད་བརྩོན་གནང་དགོས་དོན་ནི་སྐམ་ཚང་མཐུན་འབྲེལ་ཡོང་རྒྱུའི་གནད་འགག་ཅིག་ལ་གཟིགས་ནས་འབད་བརྩོན་གནང་གི་ཡོད་ཅེས་ཁོང་གིས། གལ་ཏེ་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་དེ་རྩོད་པ་ཅན་ཞིག་ཆགས་སོང་ན། མ་འོངས་པར་སྐམ་ཚང་རྒྱལ་བ་ཡབ་སྲས་ཐམས་ཅད་རྩོད་པ་ཅན་ཞིག་ཆགས་རྒྱུ་དང་། དེ་བཞིན་སྐམ་ཚང་ཁ་འཐོར་དུ་ཕྱིན་ནས་མི་རབས་ནས་མི་རབས་བར་ལ་ཆགས་སྡང་གི་དབང་དུ་སོང་ནས་ལོ་ངོ་དགུ་བརྒྱ་ལྷག་གི་ལོ་རྒྱུས་ཀྱི་གཟི་བརྗིད་དང་ནུས་པ་ཐམས་ཅད་ཉམས་ནས་ཚང་མས་བརྙས་བཅོས་བྱེད་ས་ཤིག་དང་ཁྲེལ་དགོད་བྱེད་ས་ཤིག་ལ་འགྱུར་བ་ཞིག་དང་། མཐའ་མར་སྐམ་ཚང་བཀའ་བརྒྱུད་ཟེར་བ་མཛུབ་མོ་འཛུགས་ས་མེད་མཁན་ཞིག་ཆགས་རྒྱུའི་ཉེན་ཁ་འདུག་ཅེས་དྲན་གྱི་ཡོད་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོ་ཚང་མས་བློ་རྒྱ་ཆེ་ཙམ་ཞིག་དང་ཕུགས་རྒྱང་རིང་བ་ཞིག་ལ་བསམ་བློ་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད་དྲན་གྱི་ཡོད་ཅེས་བཀའ་བསྩལ་གནང་མཛད་ཡོད་པ་རེད།
གསུང་འཕྲིན་འདིའི་ནང་ད་དུང། ད་ལྟ་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་ནད་འབུ་གསར་པའི་རྐྱེན་པས་མི་མང་པོ་ཤི་རྨས་ཡོང་བཞིན་པ་དེ་ནི་རི་དྭགས་ཀྱི་ཤ་ཟས་པ་སོགས་ལས་བྱུང་བ་ཞིག་ཡིན་སྟབས། ཚང་མས་དམར་ཟས་རིགས་གང་ཐུབ་ཀྱིས་སྤོངས་དགོས་པ་ནི་གལ་ཆེན་པོ་ཡིན་པའི་སྐོར་གསུངས་ཡོད་པ་རེད།།