ང་སྲིད་འཛིན་དུ་འདེམས་ཐོན་བྱུང་ན་༧གོང་ས་མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་ཐད་ཤུགས་སྣོན་རྒྱག་རྒྱུ་ཡིན་ཟེར།
2020.09.04
ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་འཇོ་སྦཡེ་ཌེན་ལགས་ཀྱིས་གལ་སྲིད་ཁོང་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་ཡིན་ན་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་བསྐོ་རྒྱུ་མ་ཟད་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་གསུང་པར་བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུ་ཞུས་འདུག
ཨ་མི་རི་ཀའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་འཇོ་བྷཡེ་ཌེན་(Joe Biden)་ལགས་ཀྱིས། གལ་ཏེ་ཁོང་ཨ་རིའི་སྲིད་འཛིན་ལ་འདེམས་བསྐོ་བྱུང་བ་ཡིན་ན། ཁོང་གི་སྲིད་གཞུང་གི་ངོས་ནས་བོད་དོན་ཆེད་དམིགས་བསལ་འབྲེལ་འཐུད་སྐུ་ཚབ་གསར་པ་བསྐོ་གཞག་དང་། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ། དེ་བཞིན་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་རྡུང་རྡེག་གཏོང་མཁན་རྒྱ་ནག་གཞུང་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་རྒྱུ། བོད་ནང་གི་དངོས་ཡོད་གནས་ཚུལ་འཛམ་གླིང་ནང་ཤེས་རྟོགས་ཡོང་ཆེད་དང་། བོད་ནང་དྲང་བདེན་གྱི་གནས་ཚུལ་མཁོ་འདོན་ཐུབ་ཆེད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཨ་རི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གཉིས་རྒྱ་བསྐྱེད་གནང་རྒྱུ་ཡིན་པ་སོགས་གསལ་སྟོན་གནང་ཡོད་ཅིང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཀརྨ་ཆོས་དབྱིངས་ལགས་སོ་སོས་བསྔགས་བརྗོད་དང་འབྲེལ་ཁོང་གི་བཀའ་མོལ་དང་འཆར་གཞི་ལ་དགའ་བསུ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད།
ཕྱི་ལོ་༡༩༩༡་ལོར་ཨ་རིའི་སྲིད་འཛིན་ཇོརཇ་ཧར་སྦཱརཊ་བུཤ་མཆོག་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབར་ཐོག་མར་མཇལ་འཕྲད་བྱུང་རྗེས་ཨ་རིའི་སྲིད་འཛིན་བྷ་རཀ་ཨོ་བྷཱ་མ་བར་གྱི་ཨ་རིའི་སྲིད་འཛིན་རིམ་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ཡོད་པ་རེད། འོན་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགུང་ནའི་བབས་ཀྱི་ཐོག་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་མཛད་འཆར་ཉུང་དུ་གཏོང་གནང་མཛད་སྟབས། ད་ལྟའི་སྲིད་འཛིན་ཌོ་ནལཌ་ཏྲམཔ་མཆོག་གི་སྲིད་འཛིན་གནང་རིང་ཨ་རིར་ད་བར་ཆིབས་བསྒྱར་བསྐྱངས་གནང་མཛད་པ་བྱུང་མེད་པ་རེད།
ཨ་མི་རི་ཀའི་སྲིད་གཞུང་ནང་སྲིད་དོན་ཚོགས་པ་ངོ་བོ་དབྱེ་མེད་ཐོག་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་དང་། དེ་ཡང་དཔེར་ན། ད་རེས་ཉིན་ཤས་གོང་རྒྱ་ནག་གི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་ཚོགས་པའི་དྲུང་ཆེ་ཞི་ཅིན་པིང་(Xi Jinping)་གིས། བོད་ནང་ཁ་བྲལ་གྱི་ལས་འགུལ་ལ་གདོང་ལེན་ཤུགས་ཆེ་རུ་གཏོང་དགོས་པ་དང་། བོད་བརྒྱུད་ནང་ཆོས་དེ་ཀྲུང་གོ་ཅན་དུ་བསྒྱུར་དགོས་བའི་གཏམ་བཤད་ཀྱི་རྗེས་སུ། ཨ་མི་རི་ཀའི་སྲིད་འཛིན་ཏྲམཔར་(Trump)་སྲིད་གཞུང་གི་ཕྱི་སྲིད་དྲུང་ཆེ་མཡེཀ་པོམ་པེའོ་(Mike Pompeo)་ལགས་ཀྱིས། ཞི་ཅིན་པིང་གི་བཀའ་མོལ་ལ་བློ་འཚབ་གསལ་སྟོན་དང་སྦྲགས། རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་དཀའ་རྙོག་སེལ་ཕྱིར་སྤྱི་ནོར་༧གོང་ས་མཆོག་དང་ཡང་ན་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གྲོས་མོལ་གནང་དགོས་པ་གསུངས་ཡོད་པ་རེད།