ཧོང་ཀོང་གི་གནད་དོན་ཐོག་ཐབས་ལམ་མཁྲེགས་པོ་འཛིན་རྒྱུ།
2019.11.15
རེས་གཟའ་པ་སངས་ཉིན་ཧོང་ཀོང་མི་མང་སྟོང་ཕྲག་མང་པོས་ཁྲོམ་གཞུང་དུ་ངོ་རྒོལ་རྔམ་སྟོན་ལས་འགུལ་མུ་མཐུད་ནས་སྤེལ་ཡོད་པ་དང་། སྟོད་གོས་ནག་པོ་གྱོན་པའི་ངོ་རྒོལ་བ་ཚོས་ཧོང་ཀོང་གི་སློབ་གྲྭ་བཟུང་བ་དང་། དེ་བཞིན་འགྲོ་ལམ་བཀག་པ་སོགས་ཀྱིས་ཧོང་ཀོང་གི་གཞུང་ལམ་མང་པོ་འགག་སྟེ་འགྲིམ་འགྲུལ་བྱ་མི་ཐུབ་པའི་གནས་སྟངས་ཆགས་ཡོད་པ་རེད།
ཕྱི་ཚེས་༡༤ཉིན་རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིང་གིས་སྤར་ཛལ་ནང་རྒྱལ་ཁབ་ཁག་གི་དཔོན་རིགས་ལྷན་ཚོགས་ཤིག་གི་ཐོག་གཏམ་བཤད་སྤེལ་སྐབས་ཧོང་ཀོང་གི་གནད་དོན་གླེང་ནས་ཧོང་ཀོང་གི་སྤྱི་ཁྱབ་དང་། ཉེན་རྟོག་པར་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་ཡོད་ཅིང་། ཞི་ཅིང་ཕིང་གིས་ཧོང་ཀོང་གི་ད་ལྟའི་ལས་དོན་ཛ་དྲག་ཤོས་དེ་ནི་དྲག་ཟིང་ལྷིང་འཇགས་ཀྱིས་རྒྱུན་ལྡན་གྱི་གནས་སྟངས་སླར་གསོ་བྱ་རྒྱུ་དེ་ཡིན་ལུགས་བཤད་ཡོད་འདུག
ཞི་ཅིང་ཕིང་གི་གཏམ་བཤད་དེའི་ཐོག་ནས་རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་གི་གནད་དོན་ཐོག་མཁྲེགས་པོའི་ཐབས་ལམ་འཛིན་རྒྱུའི་རྣམ་འགྱུར་བསྟན་པ་མཚོན་ཐུབ་པ་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད་པ་རེད། ཡིན་ནའི་རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིང་གིས་ཧོང་ཀོང་གི་གནད་དོན་ཐོག་འཇིགས་སྐུལ་དང་། ཉེན་བརྡ་གཏོང་མིན་ལ་མ་ལྟོས་པར་ཧོང་ཀོང་ནང་མུ་མཐུད་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། ཧོང་ཀོང་གཞུང་གིས་ངོ་རྒོལ་བ་ཚོའི་དགོས་འདུན་དོན་ཚན་བཞི་ཁས་ལེན་མ་བྱས་པར་བརྟེན། ངོ་རྒོལ་བ་ཚོས་གཟའ་ཟླ་བ་ནས་བཟུང་དུས་ཡུན་ཉིན་གྲངས་ལྔའི་རིང་ཧོང་ཀོང་གི་ས་གནས་མང་པོའི་ནང་དུས་གཅིག་ཏུ་ངོ་རྒོལ་གྱི་བསྟུད་མར་སྤེལ་སྐབས་ངོ་རྒོལ་བ་ཚོ་དང་། ཉེན་རྟོགས་པའི་དབར་གདོང་ཐུག་ཀྱི་གནས་ཚུལ་རིམ་པ་བྱུང་བའི་ནང་ཉེན་རྟོགས་པས་མིག་ཆུ་ཤོར་བའི་དུག་རླངས་གཏོར་བ་དང་། མེ་མདའ་རྒྱབ་ནས་མི་གཉིས་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། མི་མང་པོར་རྨས་སྐྱོན་ཕོག་ཡོད་པ་རེད། ངོ་རྒོལ་བ་ཚོས་ཀྱང་ས་སྣུམ་གྱི་ཤེལ་དམ་ལ་མེ་སྤར་ནས་ཉེན་རྟོགས་སྟེང་གཡུགས་ནས་འགོག་ཐབས་བྱས་ཡོད་ལུགས་ཉེན་རྟོག་པས་བརྗོད་བཞིན་ཡོད་པ་མ་ཟད་། ངོ་རྒོལ་བ་ཁག་ཅིག་གིས་སློབ་གྲྭའི་ནང་ཁྲིམས་འགལ་གྱིས་གོ་མཚོན་ཉར་ཡོད་ལུགས་སོགས་བཤད་ནས་ངོ་རྒོལ་བའི་བྱ་སྤྱོད་དེ་རིགས་འཇིགས་སྐུལ་དྲག་པོའི་ལམ་བུར་བསྐྱོད་ཀྱི་ཡོད་ལུགས་ཀྱི་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད།།