བོད་ཀྱི་ལོ་གསར་ཉིན་དང་པོའི་ཚེས་གཏོར་མཛད་སྒོའི་སྐོར།
2010.02.11
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྕགས་སྟག་གནམ་ལོ་གསར་བཞད་རྟེན་འབྱུང་གི་ཉིན་དང་པོར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་བསྐྱང་སྟེ་ཚེས་གཏོར་དང་དགྱེས་སྟོན་མཛད་རིམ་གྱི་དབུ་བཞུགས་མཛད་རྒྱུ་ཡིན་པ་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་གནས་ཚུལ་སྤེལ་འདུག
བོད་ལོ་གསར་དུ་བཞད་པའི་རྟེན་འབྱུང་ཉིན་དང་པོའི་སྔ་དྲོའི་ཆུ་ཚོད་༧་ཐོག་༧གོང་ས་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་ཚེས་གཏོར་རྟེན་འབུལ་དངོས་གཞིའི་ཐོག་ཞབས་སོར་འཁོད་པའི་ཐོག་མར་རྣམ་གྲ་མཁན་རིན་པོ་ཆེས་མཎཌལ་རྟེན་གསུམ་འདེགས་འབུལ་དང་། དེ་རྗེས་ལྷ་མོའི་བསྐང་བཤག་འདོན་རྒྱུ་སོགས་ཚེས་གཏོར་གྲུབ་མཚམས་ཆུ་ཚོད་༩་པའི་ཐོག་གཙུག་ལག་ཁང་ནང་དགྱེས་སྟོན་མཛད་སྒོར་བཅར་བ་རྣམས་གདན་འཛོམས་ཐོག་རྣམ་གྲའི་གསུང་ཞབས་རྣམས་ནས་ཞལ་འདོན་ཚིག་མཚམས་སོ་སོར་རྣམ་གྲ་མཁན་རིན་པོ་ཆེ་ནས་རྟགས་བརྒྱད་དང་། རྒྱལ་སྲིད་སྣ་བདུན། རྫས་བརྒྱད་བཅས་རིམ་འབུལ་གྱིས་ཤིས་བརྗོད་དང་བཅས་ལེགས་པར་གྲུབ་མཚམས་ཁྲིམས་ཞིབ་པ་ཆེ་བ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ བཀའ་བློན་ཁྲི་པ་བཅས་ཀྱིས་མཎཌལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་སླར་ཡང་བགྲོ་གླེང་དབུ་ཚུགས་གནང་རྒྱུ། དེ་ནས་བགྲོ་གླེང་པས་ཚིག་བཀྲ་བཅད་དེ་༸གོང་ས་མཆོག་ལ་མཇལ་དར་ཕུལ་བར་ཕྱག་སྲུང་སྩལ་རྒྱུ་དང་། དེ་ནས་ཀ་ཁྲི་སྒྲོག་སྟེ་ལོ་གསར་མཛད་སྒོ་གྲོལ་རྒྱུ་ཡིན་པ་རེད། ཆོས་ཕྱོགས་ཀྱི་མཛད་སྒོའི་ནང་བཙན་བྱོལ་བོད་གཞུང་ལས་ཁུངས་མ་ལག་གི་འབྲེལ་ཡོད་སྲི་ཞུ་བ་སོགས་ལྷན་བཞུགས་གནང་གི་ཡོད་པ་བཅས་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་བཀོད་འདུག