ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་འཁྱགས་རོམ་བརྒྱ་ཆ་བདུན་ཅུ་དོན་ལྔ་ཙམ་བཞུ་ཉེན་ཆེ་བའི་སྙན་ཐོ་བཏོན་འདུག
དེ་ཡང་རོའུ་ཡེ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དྲོ་ཚད་ཚ་རུ་འགྲོ་བཞིན་ཡོད་པ་དེའི་རྐྱེན་གྱིས། སྤྱི་ལོ་༢༡༠༠སྟེ་དུས་རབས་༢༡པའི་དུས་མཇུག་ཏུ་སླེབས་དུས་ཨེ་ཤེ་ཡར་ཡོད་པའི་རི་བོ་ཇོ་མ་གླང་མ་གཙོས་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་འཁྱགས་རོམ་གྱི་རྒྱ་ཁྱོན་བརྒྱ་ཆ་༧༥བཞུ་ནས་མེད་པ་ཆགས་ཉེན་ཡོད་པ་དང་། བོད་ནས་བཞུར་ཡོང་བའི་ཆུ་བོར་བརྟེན་པ་དང་། དེ་བརྒྱུད་དུ་འཚོ་གནས་བྱེད་བཞིན་ཡོད་པའི་མི་འབོར་དུང་ཕྱུར་༢དང་འབུམ་བཞི་ཙམ་ལ་ཆུ་ལོག་གི་དཀའ་ངལ་དང་འཐུང་ཆུ་དཀོན་པའི་དཀའ་ངལ་འཕྲད་སྲིད་པ་རྒྱལ་སྤྱིའི་ཚན་རིག་པའི་ཚོགས་པས་སྙན་ཐོ་བཏོན་ཡོད་པ་རེད།
སྙན་ཐོའི་ནང་། དེང་སྐབས་རི་བོ་ཇོ་མོ་གླང་མ་དང་ཧི་མ་ཡ་ལའི་རི་རྒྱུད་ཁུལ་གྱི་འཁྱགས་རོམ་བཞུ་ཚད་མགྱོགས་པ་དང་། ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་རྒྱ་ཁྱོན་སྤྱི་ལེ་སུམ་སྟོང་ལྔ་བརྒྱ་ཡོད་པ་ཁུལ་དེར་ཨབ་རྒ་ནི་སི་ཐན་དང་། བྷང་ལ་རྡེ་ཤེ། འབྲུག་ཡུལ། རྒྱ་ནག་དང་རྒྱ་གར། མཡན་མ། བལ་ཡུལ། པ་ཀི་སི་ཐན་བཅས་ཡོད་ཅིང་། གལ་སྲིད་དྲོ་ཚད་ད་དུང་གཅིག་དང་གྲངས་ཆུང་༥ནས་གཉིས་བར་མཐོ་རུ་སོང་བ་ཡིན་ན། ལོ་བརྒྱའི་རྗེས་སུ་ཇོ་མོ་གླང་མའི་འཁྱགས་རོམ་མེད་པར་འགྲོ་རྒྱུ་ཡིན་པ་བཀོད་འདུག འོན་ཀྱང་འཁྱགས་རོམ་བཞུ་ཚད་མྱུར་མོ་ཡིན་པའི་རྒྱུ་མཚན་ཡང་ས་ཁུལ་གནས་ཚད་ལ་རག་ལས་ཀྱི་ཡོད་ཅིང་། ད་ལྟའི་འཛམ་གླིང་ཁྱོན་ཡོངས་ཀྱི་གནས་སྟངས་ལ་མཚོན་ན། གནམ་གཤིས་དྲོ་ཚད་ཀྱི་གནས་སྟངས་སྡུག་པོ་རང་མིན་ཡང་། གལ་སྲིད་དྲོ་ཚད་༣ཡར་འཕར་བ་ཡིན་ན། བལ་ཡུལ་དང་འབྲུག་ཡུལ་ཚུད་པའི་ཧི་མ་ལ་ཡའི་རི་རྒྱུད་ཤར་ཕྱོགས་ཀྱི་འཁྱགས་རོམ་བརྒྱ་ཆ་༧༥མེད་པར་འགྲོ་རྒྱུ་ཡིན་པ་གོང་ཞུས་སྙན་ཐོ་བཏོན་མཁན་གྲས་ཁོར་ཡུག་ཚན་རིག་ཚོགས་པ་(ICIMOD)་ཁང་གི་ཞིབ་འཇུག་པ་(Philippus Wester)་ལགས་ཀྱིས་གསུངས་ཡོད་པ་གནས་ཚུལ་ནང་གསལ་འདུག
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།