གློད་ནད་ཀྲི་སྦི་འགོག་ཐབས་ལས་དོན་སྤེལ་མཁན་གྱི་ཉེན་བརྡ།
2010.10.13
༄༅༎གློ་བའི་ནད་གཞི་ཀྲི་སྦི་ལ་ཁ་གཏད་ཀྱི་ལས་དོན་མུ་མཐུད་ཚགས་ཚུད་མ་བྱུང་ཚེ་མ་འོངས་ལོ་ངོ་ལྔའི་ནང་ཚུད་མི་གྲངས་ས་ཡ་བཅུ་ཙམ་ནད་གཞི་དེ་ཕོག་ནས་རྐྱེན་འདས་སུ་འགྲོ་རྒྱུ་ཡིན་པ་ནད་གཞི་དེ་འགོག་ཐབས་མཉམ་འབྲེལ་ལས་དོན་སྤེལ་མཁན་གྱི་མཁས་དབང་ཚོས་དེ་རིང་གཟའ་ལྷག་པའི་ཉིན་ཉེན་བརྟ་བཏང་འདུག
གློ་བའི་ནད་གཞི་ཀྲི་སྦི་འགོག་ཐབས་ཀྱི་ལས་དོན་ནང་གཞུང་དང་རྒྱལ་སྤྱིའི་ནང་གི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ཚོང་དོན་ཁེ་ལས་ཁང་སོགས་མཉམ་འབྲེལ་ཐོག་ནས་ལས་དོན་སྤེལ་གྱི་ཡོད་པ་དང་ མཉམ་འབྲེལ་གྱི་ཚོགས་པ་དེའི་འགན་འཛིན་ནས་གསུང་ན་མ་འོངས་ལོ་ངོ་ལྔའི་ནང་ཚུད་ནད་གཞི་དེ་ཕོག་པའི་མི་ས་ཡ་ལྔ་ལྷག་ཙམ་ལ་ནད་གཞི་དྲག་སྐྱེས་ཡོང་རྒྱུར་ཨ་སྒོར་ཐེར་འབུམ་༤༧ཙམ་གྱི་མ་དངུལ་འགྲོ་གྲོན་དགོས་མཁོ་ཡོད་པ་དང་ནད་གཞི་དེ་རིགས་ཕོག་མཁན་མང་པོ་ཞིག་བེུད་དང་ཕྲུ་གུ་ཡིན་པ་གསུང་འདུག་ལ་ ད་དུང་ཁོང་གིས་ལོ་ལྟར་མི་གྲངས་ས་ཡ་དགུ་ཙམ་ལ་ཀྲི་སྦི་ནད་གཞི་ཕོག་པའི་རྟགས་འདོན་གྱི་ཡོད་པ་དང་ དེ་དག་མང་པོ་ཞིག་འཕེལ་རྒྱས་འགྲོ་བཞིན་པའི་ཡུལ་གྲུ་ཁག་ནང་ཡོད་པ་དང་ ནད་གཞི་དེ་རིགས་མང་ཆེ་བ་ཨེ་ཤེ་ཡ་དང་ཨ་ཕེ་རི་ཀའི་རྒྱལ་ཁབ་ཚོའི་ནང་ཐོན་གྱི་ཡོད་ཅིང་ རྒྱ་གར་དང་རྒྱ་ནག་གཅིག་པུའི་ནང་ནད་གཞི་དེ་རིགས་ཕོག་མཁན་གྱི་བརྒྱ་ཆ་༣༥ཙམ་ཟིན་གྱི་ཡོད་པ་རེད། ཀྲི་སྦི་ནད་གཞི་འགོག་ཐབས་མཉམ་འབྲེལ་ཚོགས་པ་དེས་གསུང་ན་ ཨ་སྒོར་ཐེར་འབུམ་༣༧གྱིས་ནད་གཞི་དེ་མེད་པ་བཟོ་རྒྱུའི་ལས་དོན་ཁག་གི་ཐོག་འགྲོ་གྲོན་གཏོང་རྒྱུ་དང་ དེ་མིན་ཨ་སྒོར་ཐེར་འབུམ་༡༠ཡིས་ནད་གཞི་དེར་སྔོན་འགོག་དང་མེད་པ་བཟོ་རྒྱུའི་སྨན་འཚོལ་ཞིབ་ལས་དོན་ཐོག་འགྲོ་གྲོན་གཏོང་རྒྱུ་ཡིན་པ་གསུང་འདུག