ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་མངོན་གསལ་ཆུང་དུ་གཏོང་གི་འདུག

2023.01.03
ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་མངོན་གསལ་ཆུང་དུ་གཏོང་གི་འདུག པེ་ཅིང་གི་སྨན་ཁང་ཞིག་གི་ཛ་དྲག་སྡེ་ཚན་གྱི་ཕྱིར་ནད་པས་སྒུག་སྡོད་བྱེད་བཞིན་པ། ༠༡།༠༣།༢༠༢༣
AP

དེ་ཡང་རོའུ་ཊར་གསར་ལས་ཁང་གིས་པེ་ཅིང་དང་ཧྲང་ཧེ་ནས་སོ་སོར་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལྷན་ཚོགས་སུ་རྒྱ་ནག་གི་ཚན་རིག་པ་ཚོས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་དང་འབྲེལ་བའི་གནས་ཚུལ་སྙན་སེང་ཞུ་དགོས་བའི་སྔ་རོལ་དུ། རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་ཕོག་མི་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་དང་དེའི་ཉེན་འཚབ་རང་བཞིན་མངོན་གསལ་ཆུང་དུ་གཏོང་བཞིན་ཡོད་འདུག
གནས་ཚུལ་ནང་། རྒྱ་ནག་གཞུང་གིས་དེ་ལྟར་བྱ་དགོས་དོན་ནི། རེས་གཟའ་མིག་དམར་ཉིན་རྒྱ་ནག་གི་ཚན་རིག་པས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་རྒྱ་ནག་ནང་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་རིམས་ནད་ཀྱི་གནས་ཚུལ་སྙན་སེང་ཞུ་དགོས་བ་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས། ནད་ཡམས་ཁྱབ་གདལ་ཁྲོད་རྐྱེན་འདས་སུ་སོང་པའི་གྲངས་འབོར་སོགས་ཞིབ་ཕྲ་སྙན་སེང་ཞུ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
གཟའ་མིག་དམར་ཉིན་རྒྱ་ནག་གཞུང་འབྲེལ་མི་དམངས་ཉིན་རེའི་ཚགས་ཤོག་ཐོག རྒྱ་ནག་གི་མཁས་དབང་ཟེར་བའི་སྐད་ཆ་ལུང་འདྲེན་གྱིས་གནས་ཚུལ་སྤེལ་ཡོད་པའི་ནང་། རྒྱ་ནག་ནང་ཁྱབ་བཞིན་པའི་ཏོག་དབྱིབས་རིམས་ནད་ཀྱི་ནད་འབུ་དེ་རིགས་ཀྱིས་མི་མང་ཆེ་བར་ཉེན་ཁ་དེ་ཙམ་ཆེན་པོ་མེད་ལུགས་དང་། པེ་ཅིན་གྲོང་ཁྱེར་ཧྲའོ་ཡང་སྨན་ཁང་གི་འགན་འཛིན་གཞོན་པ་དུང་ཁྲའོ་ཧུད་ཟེར་བས་བརྗོད་པ་ལུང་འདྲེན་བྱས་ནས། ད་ལྟའི་ཆར་པེ་ཅིན་གྲོང་ཁྱེར་གྱི་གཏན་འབེབས་སྨན་ཁང་ཁག་ནང་སྨན་བཅོས་བྱེད་བཞིན་པའི་ནད་པ་ཚོའི་ནང་། ནད་གཞི་ལྗིད་མོ་དང་ཉེན་ཁ་ཅན་བརྒྱ་ཆ་གསུམ་ནས་བཞི་ལས་ཟིན་གྱི་མེད་ལུགས་བརྗོད་ཡོད་འདུག
གཞན་ཟི་ཁྲོན་གྱི་ཧའ་ཤེའི་སྨན་པའི་སློབ་གྲྭ་ཆེན་མོའི་སློབ་སྤྱི་ཁང་ཡན་གྱིས། འདས་པའི་གཟའ་འཁོར་གསུམ་ནང་། ཏོག་དབྱིབས་ནད་ཡམས་འགོས་བ་མི་གྲངས་༤༦ནད་གཞི་ལྗིད་བའི་སྨན་བཅོས་བྱ་ཡུལ་དུ་བསྐྱལ་ཡོད་པ་དང་། དེ་ནི་ཏོག་དབྱིབས་ནད་ཡམས་འགོས་བའི་ནང་གི་བརྒྱ་ཆ་གཅིག་ཙམ་ལས་ཟིན་གྱི་མེད་ལུགས་བརྗོད་ཡོད་པ་སོགས་གནས་ཚུལ་སྤེལ་འདུག
རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་དངོས་མཐོང་མཁན་ཞིག་གིས་བརྗོད་པ་ལུང་འདྲེན་བྱས་པ་ལྟར་ན། ཧྲང་ཧེ་ཀྲུང་ཧྲན་སྨན་ཁང་གི་ཛ་དྲག་སྡེ་ཚན་ནང་ནད་པས་ཁེངས་པའི་གནས་སྟངས་དང་དེའི་ནང་ནས་མང་ཆེ་བ་ལོ་ན་རྒན་པ་ཡིན་ཞིང་། མི་མང་པོར་ཉལ་ཁྲི་མ་ཐོབ་པར་སྨན་ཁང་གི་འགྲོ་ལམ་ཁག་དུ་ཉལ་ནས་སྨན་བཅོས་དང་སྨན་ཁབ་རྒྱག་བཞིན་ཡོད་པ་དང་། གཞན་མང་པོས་སྨན་པར་བསྟེན་རྒྱུར་སྒུག་སྡོད་བྱེད་བཞིན་པའི་སྐོར་བཀོད་འདུག
གཞན་ཕྱི་ཚེས་༣ཉིན་ཧྥ་རན་སིའི་གསར་སྤེལ་ཁང་གིས་རྒྱ་ནག་གཞུང་འབྲེལ་གསར་འགྱུར་ལུངས་དྲངས་ནས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་སྔོན་བརྡ་དང་གྲ་སྒྲིག་གང་ཡང་མེད་པར་གློ་བུར་དུ་ཏོག་དབྱིབས་ནད་ཡམས་རྩ་མེད་བཟོ་བ་ཟེར་བའི་སྲིད་ཇུས་དང་འབྲེལ་བའི་དམ་དྲག་བཀག་རྒྱ་མེད་པར་བཏང་བའི་རྐྱེན་གྱིས་ད་སྐབས་ནད་པར་སྨན་ཁང་མ་རག་པ་དང་། ཤི་བོར་ཕུང་པོ་སྲེག་ས་མ་རག་པའི་དཀའ་ངལ་ཡོད་པ་མ་ཟད། ཧྲང་ཧེ་གྲོང་ཁྱེར་གྱི་མི་གྲངས་བརྒྱ་ཆའི་བདུན་ཅུར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་ཡོད་སྲིད་པ་རོས་ཅིན་སྨན་ཁང་གི་འགན་འཛིན་གཞོན་པ་དང་ཧྲང་ཧེ་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་ཡམས་ཐད་ཀྱི་ཆེད་མཁས་པ་ཁྲིན་ཨར་ཀྲིན་ནས་ཚོད་དཔག་གནང་ཡོད་པ་དེ། ཧ་ལམ་མི་གྲངས་ས་ཡ་༢༥ཡོད་པའི་ཧྲང་ཧེ་གྲོང་ཁྱེར་གྱི་མི་མང་ཆེ་ཤོས་ཡིན་པ་རེད། དེ་བཞིན་སྨན་པ་དེས་ཧྲང་ཧེའི་སྨན་ཁང་དེའི་ནང་ཉིན་རེར་མི་གྲངས་༡༦༠༠ཡིས་ཛ་དྲག་སྨན་པར་སྟོན་གྱིན་པ་དེ་བཀག་རྒྱ་མ་གློད་སྔོན་ལས་ལྡབ་གཉིས་ཡིན་ཞིང་། དེ་དག་ཁྲོད་བརྒྱ་ཆའི་བརྒྱད་ཅུ་ནི་ཏོག་དབྱིབས་ནད་ཡམས་ཕོག་པའི་ནད་པ་ཡིན་པ་བརྗོད་འདུག


གསར་འགོད་པ། འཆི་མེད། ལྕགས་མོ་འཚོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎