རྒྱ་ནག་ནང་ཡང་བསྐྱར་ཏོག་དབྱིབས་ནད་ཡམས་ཀྱི་རླབས་གསར་པ་ཞིག་ཡོང་སྲིད་པར་གྲ་སྒྲིག་བྱེད་བཞིན་འདུག
རྒྱ་ནག་ནང་ཡང་བསྐྱར་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་ཡམས་(Covid-19)་ཀྱི་རླབས་གསར་པ་ཞིག་ཡོང་སྲིད་པ་དང་། ངོ་བོ་འགྱུར་བའི་ནད་ཡམས་ཀྱི་ནད་འབུ་གསར་པ་དེ་བཞིན་ཕྱི་ཟླ་༦ནང་འགོས་ཁྱབ་ཆེན་པོ་ཕྱིན་ནས་བདུན་ཕྲག་རེར་མི་གྲངས་ས་ཡ་ ༦༥ཙམ་ལ་འགོས་སྲིད་པའི་ཚོད་དཔག་བྱེད་བཞིན་པ་དང་། དེ་བས་རྒྱ་ནག་ནང་དེང་སྐབས་ཀོ་ཝིཌ་༡༩ངོ་བོ་འགྱུར་བའི་ཏོག་དབྱིབས་རིམས་ནད་ཀྱི་ནད་འབུ་(XBB)་ཞེས་པ་དེ་འགོག་ཐབས་སུ་སྔོན་འགོག་སྨན་ཁབ་གསར་པ་བཟོ་ཆེད་རྒྱ་ནག་གི་དཔོན་རིགས་ཚོས་བྲེལ་འཚུབ་ངང་འབད་བརྩོན་བྱེད་བཞིན་ཡོད་ཚུལ་རྒྱ་ནག་གི་ནད་ཡམས་སྔོན་འགོག་ཆེད་མཁས་པས་བརྗོད་པ་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
ངོ་བོ་འགྱུར་བའི་ཏོག་དབྱིབས་རིམས་ནད་ཀྱི་ནད་འབུ་གསར་པ་དེ་འགོག་ཐབས་སུ། རྒྱ་ནག་གིས་སྔ་ལོ་ཀོ་ཝིཌ་༡༩ཏོག་དབྱིབས་ནད་ཡམས་རྩ་མེད་བཟོ་བའི་སྲིད་ཇུས་ཞེས་པ་དེ་མཚམས་འཇོག་བྱས་པའི་རྗེས་སུ་བྱུང་བའི་གནས་ཚུལ་ཞིག་ཡིན་པར་དྭོགས་པ་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ལྟར་ན། རྒྱ་ནག་གི་ནད་ཡམས་སྔོན་འགོག་ཆེད་མཁས་པ་(Zhong Nanshan)་ཞུ་བས་ཏོག་དབྱིབས་རིམས་ནད་ཀྱི་ངོ་བོ་འགྱུར་བའི་འགོས་ནད་གསར་པ་(XBB)་ཞེས་པ་བཅོས་ཐབས་སུ་སྨན་ཁབ་གཉིས་བེད་སྤྱོད་བྱ་ཕྱོགས་ཀྱི་སྔོན་འགྲོའི་བཀའ་ཁྲོལ་ཐོབ་པའི་རེ་བ་བྱེད་བཞིན་པའི་གནས་སྟངས་འོག་ཡོད་པ་བརྗོད་འདུག
དེ་བཞིན་ཁོང་གིས་ཀོང་ཀྲའོ་གྲོང་ཁྱེར་ནང་ད་དུང་ནད་ཡམས་གསར་པ་དེ་འགོག་ཐབས་སུ་སྨན་ཁབ་གཞན་གསུམ་ནས་བཞི་ཙམ་ཞིག་བཟོས་ཟིན་པ་རྣམས་ལའང་བཀའ་འཁྲོལ་གང་མྱུར་ཐོབ་པའི་རེ་བ་ཡོད་ཅེས་བརྗོད་འདུག འོན་ཀྱང་ཁོང་གིས་དེའི་ཐད་ཞིབ་གསལ་གང་ཡང་འགྲེལ་བརྗོད་བྱས་མི་འདུག
ནད་འབུ་(XBB)་ཞེས་པའི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་ཡམས་གསར་པ་དེ་དུས་གཅིག་ལ་མི་འབོར་བརྒྱ་ཆ་༨༥ཙམ་ལ་འགོས་སྲིད་པའི་ནད་འབུ་ཉེན་ཚབས་ཅན་ཞིག་ཏུ་བརྩི་བཞིན་ཡོད་འདུག
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།