ཡུ་གུར་བ་དང་རྒྱ་ནག་ཉེན་རྟོག་པའི་དབར་གདོང་ཐུག
2011.07.19
༄༅༎རེས་གཟའ་ཟླ་བའི་ཉིན་ཤིང་ཅང་གི་གྲོང་ཁྱེར་ཧོ་ཏན་ནང་དུ་ས་གནས་ཡུ་གུར་གྲངས་ཉུང་མི་རིགས་དང་རྒྱ་མིའི་ཉེན་རྟོག་པའི་དབར་དྲག་པོའི་གདོང་ཐུག་བྱུང་སྟེ། ཡུ་གུར་ངོ་རྒོལ་བྱེད་མི་༢༠ རྐྱེན་ལམ་དུ་ཕྱིན་ཡོད་པའི་སྐོར་དེ་རིང་རེས་གཟའ་མིག་དམར་ཉིན་ཕྱི་རྒྱལ་དུ་ཡོད་པའི་ཡུ་གུར་ཚོགས་པས་གསུང་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་བཀོད་པའི་ནང༌། རེས་གཟའ་ཟླ་བའི་ཉིན་གྱི་ཧོ་ཏན་གྲོང་ཁྱེར་གྱི་རྒྱ་མིའི་ཉེན་རྟོག་ལས་ཁང་དུ་རྒོལ་རྡུང་བཏང་བ་དེ་ནི་འཇིགས་སྐུལ་དྲག་སྤྱོད་པའི་རྒོལ་རྡུང་བཏང་བ་ཡིན་པ་དང༌། དོན་རྐྱེན་དེའི་ནང་ཉེན་རྟོག་པ་གཅིག་གཙོས་པའི་མི་བཞི་རྐྱེན་ལམ་དུ་བཏང་ཡོད་པའི་སྐོར་བཤད་ཡོད་ཅིང༌། འོན་ཀྱང་ཡུ་གུར་རང་དབང་ལས་འགུལ་བ་ཚོས། དོན་རྐྱེན་དེ་ནི་གཙོ་བོ་ཡུ་གུར་ཁ་ཆེ་གྲངས་ཉུང་མི་རིགས་ནང་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་འུ་ཐུག་ཐབས་ཟད་ཀྱིས་ཁོང་ཁྲོའི་མེ་ལྕེ་ཕྱིར་བཏོན་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱེད་པ་མ་ཟད། རྒྱ་ནག་གཞུང་ཕྱོགས་ནས་དོན་རྐྱེན་དེའི་ནང་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་བཀོད་སྤེལ་བྱེད་མི་བཅུག་པའི་བཀག་འགོག་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་ཀྱང་བྱས་ཡོད་པ་རེད། དེ་ཡང་འཇར་མ་ནི་ནང་ཡོད་པའི་རྒྱལ་སྤྱིའི་ཡུ་གུར་ཚོགས་པས་། ཡུ་གུར་གྲངས་ཉུང་མི་རིགས་དང་རྒྱ་མིའི་ཉེན་རྟོག་པའི་དབར་གདོང་ཐུག་གི་དོན་རྐྱེན་དེའི་ནང་རྒྱ་མིའི་བདེ་འཇག་དམག་མིས་མི་༡༤ ལ་ཉེས་རྡུང་ཚབས་ཆེ་བཏང་སྟེ་བསད་པ་དང༌། མི་དྲུག་ལ་མེ་མདའ་རྒྱབ་ཏེ་བསད་པའི་གནས་སྟངས་ཤིན་ཅང་ནང་གི་གནས་ཚུལ་ཐོན་ཁུངས་ནས་ཤེས་རྟོགས་བྱུང་བ་ལུང་འདྲེན་བྱས་པ་རེད། ད་དུང་རེས་གཟའ་ཟླ་བའི་ཉིན་ཡུ་གུར་བས་ཧོ་ཏན་གྲོང་ཁྱེར་གྱི་ཉེན་རྟོག་ལས་ཁུངས་སུ་རྒོལ་རྡུང་བཏང་བ་མ་ཟད། མེ་རྒྱབ་པའི་གནས་ཚུལ་བྱུང་ཡོད་ཅིང༌། ད་རེས་ཀྱི་དོན་རྐྱེན་དེ་བྱུང་རིམ་ནི། དེ་སྔ་༢༠༠༩ ལོའི་ཕྱི་ཟླ་བདུན་པའི་ནང་ཤིང་ཅང་གི་རྒྱལ་ས་ཨུ་རུམ་ཆི་ནང་ཡུ་གུར་བ་དང་རྒྱ་ཧན་མི་རིགས་དབར་དྲག་པོའི་གདོང་ཐུག་བྱུང་བའི་སྐབས་འཛིན་བཟུང་བྱས་པའི་ཡུ་གུར་བ་ཚོའི་ནང་མི་ཚོས་ཁོང་ཚོ་གློད་འགྲོལ་ཡོང་ཐབས་རེ་འདུན་བྱས་པ་དེར་བདག་སྤྲོད་རྩ་བ་ནས་བྱས་མེད་པར་བརྟེན་ཁོང་ཚོ་འུ་ཐུག་ཐབས་ཟད་ཀྱིས་ཉེན་རྟོག་ལས་ཁང་དུ་རྒོལ་རྡུང་བཏང་བ་ཡིན་པ་རེད། ད་དུང་ཡང་ཧོ་ཏན་གྲོང་ཁྱེར་ནང་ཉེན་རྟོག་པ་འགྲེམས་འཇོག་བྱས་པ་ཚོས་གྲོང་ཁྱེར་ཕྱི་ནང་གི་མི་འགྲོ་འོང་ཚང་མ་བཀག་འགོག་བྱས་ཏེ་གནས་སྟངས་མུ་མཐུད་ཛ་དྲག་ཡོད་པ་དང༌། འོན་ཀྱང་ཡུ་གུར་བ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ཡི་གེ་གང་སར་གཏོང་སྤེལ་བྱེད་བཞིན་ཡོད་པ་རེད།