བོད་ནང་སླར་ཡང་རང་དབང་གི་འབོད་སྒྲ་སྒྲོག་རྗེས་འཇུ་བཟུང་།


2015.09.15
ཕྱི་ལོ་༢༠༡༡ལོར་རྒྱ་དམག་གིས་ཨ་མདོ་རྔ་པར་དམག་གིས་དམ་བསྒྲགས་བྱེད་བཞིན་པ།
ཝི་ཀི་མི་ཌི་ཡ།

༄༅།    །འདི་ག་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༥ཟླ་༩ཚེས་༡༣ཉིན་གྱི་ཉིན་རྒྱབ་ཆུ་ཚོད་བཞི་པ་ཙམ་ལ། མདོ་སྨད་རྔ་བ་རྫོང་གི་ཁྲོམ་གཞུང་ཐོག་རྒྱ་ནག་གིས་དམ་བསྒྲགས་ཡོད་མིན་ལ་མ་ལྟོས་བར་བུད་མེད་བདེ་སྐྱིད་སྒྲོལ་མ་ཞུ་བ་ཞིག་གིས་བོད་ལ་རང་དབང་དགོས་ཞེས་བོད་དོན་སྐད་འབོད་དང་ཁྲོམ་སྐོར་གནང་ཞིང་།  ཁྲོམ་སྐོར་གོམ་བགྲོད་བྱས་ནས་རིང་པོར་མ་སོང་བར་རྒྱ་ནག་གི་ཉེན་རྟོག་པས་བཙན་བཟུང་བྱས་ཡོད་འདུག
དེའི་ཐད་བོད་ནང་གི་བོད་མི་ཞིག་གིས། སྐབས་དེར་རྫོང་ཐོག་གི་བོད་མི་མང་པོས་ ཀི་སྒྲ་སྒྲོག་བཞིན་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་པ་ངོ་སྤྲོད་གནང་བ་དང་།    དེའི་ཐད་འདི་ག་རླུང་འཕྲིན་ཁང་གིས་བོད་ནང་དྲི་རྩད་བྱེད་སྐབས། མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས། གནས་ཚུལ་དེ་བདེན་པ་ཡིན་པ་དང་། སྐད་འབོད་ཁྲོམ་བསྐོར་གནང་མཁན་གཞོན་ནུ་མ་ཁོང་གི་མིང་ལ་བདེ་སྐྱིད་སྒྲོལ་མ་ཟེར་ཞིང་།  ལོ་༢༢ཙམ་ཡིན་པ་དང་། ཕ་ཡུལ་རྔ་བ་རྫོང་རྨེ་རུ་མ་ཡུལ་ཚོ་ནས་རེད་ཅེས་ངོ་སྤྲོད་གནང་ཡོད་པ་རེད།
གནས་ཚུལ་ལྟར་ན། རྔ་བ་རྫོང་ཐོག་རྒྱ་ནག་གཞུང་ལ་ངོ་རྒོལ་ཁྲོམ་བསྐོར་གྱི་གནས་ཚུལ་བསྟུད་མར་བྱུང་བའི་རྐྱེན་གྱིས་རྔ་བ་རྫོང་གི་དྲ་ལམ་ཡོངས་སུ་སྒོ་རྒྱབ་ནས་ཕྱི་ནང་ལ་འབྲེལ་བ་བྱེད་མི་ཐུབ་པར་བཟོས་ཡོད་པ་དང་། ཁྲོམ་གཞུང་དང་ལམ་གྱི་བཞི་མདོ་ཁག་ལ་ཉེན་རྟོག་དམག་མི་དང་། སྐོར་སྲུང་རླངས་འཁོར་ཇེ་མང་ལ་བཏང་ནས་དམ་བསྒྲགས་བྱེད་ཤུགས་ཇེ་ཆེར་བཏང་ཡོད་འདུག
ཕྱི་ཟླ་༩ཚེས་༧ཉིན་དགེ་འདུན་པ་བློ་བཟང་སྐལ་བཟང་དང་། ཚེས༩ཉིན་འཇམ་དཔལ་རྒྱ་མཚོ། ཚེས༡༠ཉིན་ཨ་གྲགས་དང་བློ་བཟང་སོགས་ཀྱིས་༧གོང་ས་མཆོག་གི་སྐུ་པར་ལག་གཉིས་ཀྱིས་མཐོན་པོར་བཏེགས་བཞིན་པར་རྔ་པ་རྫོང་ཐོག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་ཞེས་སོགས་ཀྱི་འབོད་ཚིག་བསྒྲགས་རྗེས་ཁོང་ཚོ་ཚང་མ་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རེད།        
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།   
གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎