སྤྱི་ནོར་༧གོང་ས་མཆོག་གིས་དབྱིན་ཡུལ་གྱི་སྲིད་བློན་གསར་བར་འཚམས་འདྲི་མཛད་འདུག

2022.10.25
སྤྱི་ནོར་༧གོང་ས་མཆོག་གིས་དབྱིན་ཡུལ་གྱི་སྲིད་བློན་གསར་བར་འཚམས་འདྲི་མཛད་འདུག བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་དབྱིན་ཡུལ་གྱི་སྲིད་བློན་གསར་པ་སྐུ་ཞབས་(Rishi Sunak)་ལགས།
སྒྲིག་བཟོ། /RFA

འདི་ཚེས་༢༤ཉིན་དབྱིན་ཡུལ་གྱི་རྙིང་ཞེན་ཆབ་སྲིད་ཚོགས་པ་(Conservative Party)་འགོ་ཁྲིད་དང་དཔལ་འབྱོར་བློན་ཆེན་ཟུར་པ་སྐུ་ཞབས་(Rishi Sunak)་ ལགས་སུ་ཡུལ་དེའི་སྲིད་བློན་གྱི་རྒྱལ་ཁ་ཐོབ་ཡོད་སྟབས། འདི་ཚེས་༢༥ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ལ་དགའ་བསུའི་འཚམས་འདྲི་མཛད་འདུག དེའི་སྐོར་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་པ་(Rishi Sunak)་ལགས་སུ་འཚམས་འཕྲིན་བསྩལ་ནས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ལོ་མང་པོའི་སྔོན་ངོས་རང་ཡང་སེ་དབྱིན་ཡུལ་དུ་བསྐྱོད་པའི་རིང་ཕྱོགས་ཚང་མས་ངོས་ལ་དགའ་མོས་དང་མཛའ་བརྩེའི་རྣམ་པ་བསྟན་གནང་བར་དགའ་ཚོར་ཆེན་པོ་ཡོད། ལྷག་པར་དུ་ངོས་ཀྱིས་མི་ཚང་མ་གཅིག་གྱུར་གྱི་འདུ་ཤེས་དང་། ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་བའི་ཀུན་སློང་དེར་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་བཅས་གང་ལྟར་དབྱིན་ཇིའི་གཞུང་དམངས་གཉིས་ཀྱིས་ང་ཚོ་བོད་མི་ཚོའི་རང་དབང་དང་ཆེ་མཐོང་གི་མངོན་འདོད་ལ་རྒྱབ་སྐྱོར་གནང་བར་ད་རེས་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། ཡང་༧གོང་ས་མཆོག་གི་འཚམས་འཕྲིན་དེའི་ནང་། ད་ལྟའི་དུས་སྐབས་འདི་ནི་གཅིག་ལ་གཅིག་བརྟེན་གྱི་དུས་སྐབས་ཞིག་ཡིན་པ་དང་། འཛམ་གླིང་གི་ཕྱོགས་གཅིག་ལ་དོ་ཕོག་བྱུང་ན་དེས་རང་བཞིན་གྱིས་ཚང་མར་དོ་ཕོག་འགྲོ་གི་ཡོད་རེད། དེ་འདྲ་ཡིན་དུས་དུས་སྐབས་འདི་འདྲའི་སྐབས་གདོང་ལེན་ཡང་མང་པོ་ཞིག་གནང་དགོས་ཆགས་ཀྱི་རེད་ཅེས་བཀའ་གནང་བ་དང་མཉམ་སྲིད་བློན་ཁོང་གི་མ་འོངས་པའི་ལས་དོན་དང་དབྱིན་ཇིའི་མི་མང་གི་མངོན་འདོད་ལམ་ལྷོང་ལྡན་པ་ཞིག་ཡོང་བའི་ཐུགས་སྨོན་གནང་གི་ཡིན་ཞེས་བཀའ་གནང་ཡོད་པ་རེད་འདུག
དེའི་སྔོན་གྱི་དབྱིན་ཇིའི་སྲིད་བློན་ལྕམ་(Liz Truss)་ལགས་ཀྱིས་ད་ལྟའི་ཆར་དབྱིན་ཡུལ་གྱི་དཔལ་འབྱོར་དང་འཕྲོད་བསྟེན་གནས་སྟངས་ཐད་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐབས་ཁོང་མོའོ་སྲིད་ཇུས་ཡག་པོ་མེད་པའི་སྐྱོན་བརྗོད་རིམ་པར་བྱུང་རྗེས། ཟླ་འདིའི་ཕྱི་ཚེས་ ༢༠ཉིན་སྲིད་བློན་ལ་བསྡད་ནས་ཉིན་གྲངས་༤༥འི་རྗེས་དགོངས་པ་ཞུས་ཡོད་པ་རེད། དེའི་ཚབ་སྐུ་ཞབས་(Rishi Sunak)་ལགས་སུ་ཁ་གཏད་མེད་པར་རྒྱལ་ཁ་ཐོབ་ཡོད་པ་དང་། ཁོང་དབྱིན་ཇིའི་སྲིད་བློན་སྐབས་༥༧པ་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎