སྤྱི་ནོར་༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དྷིས་ལགས་སུ་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འཕྲིན་སྩལ་འདུག

2024.06.05
སྤྱི་ནོར་༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དྷིས་ལགས་སུ་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འཕྲིན་སྩལ་འདུག སྤྱི་ནོར་༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དྷིས་ལགས་སུ་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འཕྲིན་སྩལ་འདུག་པའི་མཚོན་དོན་པར་རིས།
སྒྲིག་བཟོ། /RFA

ཟླ་བ་འདིའི་ཕྱི་ཚེས་༥་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་(Narendra Modi)་ལགས་དང་ཁོང་གིས་དབུ་ཁྲིད་པའི་རྒྱལ་ཡོངས་མང་གཙོ་གནའ་འབྲེལ་ཚོགས་པར་ད་ལན་རྒྱ་གར་གྲོས་ཚོགས་ཀྱི་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འཕྲིན་སྩལ་བའི་ནང་། རྒྱ་གར་གྱིས་འཛམ་གླིང་ནང་མང་གཙོ་ཆེ་ཤོས་རྒྱལ་ཁབ་ཀྱི་འགན་འཁུར་བླངས་པ་དེར་མགོན་པོ་གང་ཉིད་ཐུགས་སྤོབས་ཡོད་ཐོག་ཡིད་རངས་བསྔགས་བརྗོད་གནང་ཞིང་། འདི་ལྟ་བུའི་འོས་བསྡུ་དེས་རྒྱ་གར་མི་མང་གིས་མང་གཙོའི་རིན་ཐང་ག་ཚོད་བརྩི་བཞིན་ཡོད་མེད་དེ་མཚོན་པ་དང་། རྒྱ་གར་ནི་གནའ་སྔ་མོ་ནས་སྲིད་པའི་དཔལ་ཡོན་དར་ཞིང་དེའི་ཁྱད་ཆོས་གཙོ་བོ་འཚེ་བ་མེད་པ་དང་སྙིང་རྗེ་ཆེན་པོ་ཡོད། སྐབས་འདི་དང་བསྟུན་ནས་མགོན་པོ་གང་ཉིད་ཀྱིས་རྒྱ་གར་གཞུང་དང་མི་མང་ནས་བོད་མི་རྣམས་ལ་གང་ཅིའི་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་འབྲེལ། རྒྱ་གར་གྱིས་མུ་མཐུད་དུ་གཏོང་ཕོད་དང་ཐུགས་བརྩེ་ལ་བརྟེན་ནས་བོད་མི་རྣམས་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་རང་གི་ཆོས་དང་། རིག་གཞུང་ཞི་བདེ་དང་རང་དབང་གི་ངང་སྲུང་སྐྱོབ་ཐུབ་ཅིང་། ང་ཚོས་ཀྱང་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་ཐོག་རྒྱ་གར་གྱི་ན་གཞོན་ཕུ་ནུ་ཚོར་དོ་སྣང་གོ་རྟོགས་སྤེལ་རྒྱུའི་ལས་དོན་ལམ་ལྷོང་ལྡན་པ་བྱུང་ཡོད་ཅེས་དང་། མཐའ་འཇུག་ཏུ་མོ་དྷིས་ནས་ད་ལྟའི་ཆར་ལས་དུས་གསར་པའི་གྲ་སྒྲིག་གནང་བཞིན་ཡོད་དུས་མགོན་པོ་གང་ཉིད་ཀྱིས་ཁོང་གིས་དཀའ་ངལ་ཁག་ལ་གདོང་ལེན་གྱི་ལས་དོན་མཐའ་དག་ལམ་ལྷོང་ལྡན་པ་དང་མི་མང་གི་རེ་བ་དང་འདོད་འདུན་འགྲུབ་པའི་སྨོན་འདུན་ཞུ་བཞིན་ཡོད་ཅེས་གསུང་གནང་འདུག
ཐེངས་འདིའི་རྒྱ་གར་གྲོས་ཚོགས་ཀྱི་འོས་བསྡུ་འདིའི་ནང་རྒྱ་གར་བྷི་ཇེ་པི་(BJP)་སྣེ་ཁྲིད་པའི་རྒྱལ་ཡོངས་མང་གཙོ་གནའ་འབྲེལ་ཚོགས་པར་འོས་གྲངས་༢༩༣་དང་། ཀོང་རེ་སུས་སྣེ་ཁྲིད་པའི་ཨིན་ཌ་ཡ་ལ་གནའ་འབྲེལ་ཚོགས་པར་འོས་གྲངས་༢༣༢་ཐོབ་ཡོད་ཅིང་། སྤྱིར་བཏང་རྒྱ་གར་གྲོས་ཚོགས་ཀྱི་ནང་ཞབས་སྟེགས་༥༤༣་ཡོད་པ་ནས་ཆབ་སྲིད་ཚོགས་པ་གཅིག་གི་གཞུང་འཛིན་རྒྱུར་ཉུང་མཐར་ཞབས་སྟེགས་༢༧༢་ཐོབ་དགོས་ཀྱི་ཡོད་པ་རེད།
ཚེས་༣ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པུ་རེམ་སིངྒ་རྟ་མང་(Prem Singh Tamang)་ལགས་དང་། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་(Pema Khandu)་ལགས་རྣམ་གཉིས་ལ་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུའི་ནང་སླར་ཡང་རྒྱལ་ཁ་ཐོབ་པར་འཚམས་འཕྲིན་སྩལ་ཡོད་པ་རེད།


གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎