སྤྱི་ནོར་༧གོང་ས་མཆོག་གིས་འབྲས་ལྗོངས་དང་ཨ་རུ་ནཱ་ཅལ་གྱི་སྤྱི་ཁྱབ་བློན་ཆེན་གཉིས་ལ་འཚམས་འཕྲིན་སྩལ་འདུག

2024.06.03
སྤྱི་ནོར་༧གོང་ས་མཆོག་གིས་འབྲས་ལྗོངས་དང་ཨ་རུ་ནཱ་ཅལ་གྱི་སྤྱི་ཁྱབ་བློན་ཆེན་གཉིས་ལ་འཚམས་འཕྲིན་སྩལ་འདུག སྤྱི་ནོར་༧གོང་ས་མཆོག་གིས་འབྲས་ལྗོངས་དང་ཨ་རུ་ནཱ་ཅལ་གྱི་སྤྱི་ཁྱབ་བློན་ཆེན་གཉིས་ལ་འཚམས་འཕྲིན་སྩལ་ཡོད་པ།
པར། སྒྲིག་བཟོ།

འདི་ཚེས་༣ཉིན་དགའ་ལྡན་ཕོ་བྲང་གི་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པུ་རེམ་སིངྒ་རྟ་མང་(Prem Singh Tamang)་ལགས་དང་། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་(Pema Khandu)་ལགས་རྣམ་གཉིས་ལ་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུའི་ནང་སླར་ཡང་རྒྱལ་ཁ་ཐོབ་པར་འཚམས་འཕྲིན་སྩལ་ཡོད་པ་རེད།
འཚམས་འཕྲིན་ནང་མགོན་པོ་མཆོག་གིས། འདས་པའི་ལོ་ཤས་ནང་ཁོང་གིས་ཐུགས་སྣང་བྱུང་པ་བཞིན་ཨ་རུ་ནཱ་ཅལ་དང་འབྲས་ལྗོངས་གཉིས་ནང་ཡར་རྒྱས་གོང་འཕེལ་ཧ་ཅང་ཆེན་པོ་འགྲོ་བཞིན་པ་དང་། མི་མང་དབུལ་ཕོངས་ཉམ་ཐག་ཀྱི་འཚོ་བ་ཡར་རྒྱས་གཏོང་རྒྱུར་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་ནས་དམིགས་བསལ་འབད་བརྩོན་གནང་རྒྱུའི་རེ་བ་ཡོད་སྐོར་བཀོད་ཡོད་འདུག
མཐའ་དོན་༧གོང་ས་མཆོག་གིས་རྣམ་པ་གཉིས་ཀྱི་ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་ཡོང་བ་དང་། མངའ་སྡེའི་ནང་གི་མང་ཚོགས་ཀྱི་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་བའི་ཐུགས་སྨོན་མཛད་འདུག
ཟླ་བ་འདིའི་ཕྱི་ཚེས་༢ཉིན་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེ་དང་ཨ་རུ་ནཱ་ཅལ་མངའ་སྡེ་གཉིས་ནང་གིས་གྲོས་ཚོགས་ཀྱི་འོས་བསྡུ་ཆེན་མོའི་མཇུག་འབྲས་གསལ་བསྒྲགས་གནང་པ་ལྟར་ན། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Prem Singh Tamang)་ལགས་ཀྱིས་སྣེ་ཁྲིད་པའི་འབྲས་ལྗོངས་གསར་བརྗེ་བསྐྱར་གསོ་(Sikkim Krantikari Morcha)་ཆབ་སྲིད་ཚོགས་པ་ལ་ཁྱོན་ཞབས་སྟེགས་༣༢ཡོད་པའི་ནང་ནས་ཞབས་སྟེགས་༣༡ཐོབ་ཡོད་པ་དང་། འབྲས་ལྗོངས་དམངས་གཙོ་ཐབས་ཕྱོགས་ཚོགས་པ་(Sikkim Democratic Front)ལ་ཞབས་སྟེགས་༡ལས་མ་ཐོབ་པར་འབྲས་ལྗོངས་གསར་བརྗེ་བསྐྱར་གསོ་ཚོགས་པ་ལ་མང་མོས་ཀྱི་རྒྱལ་ཁ་ཐོབ་ཡོད་པ་རེད།
དེ་བཞིན་ཨ་རུ་ནཱ་ཅལ་མངའ་སྡེའི་གྲོས་ཚོགས་ནང་ཁྱོན་ཞབས་སྟེགས་༦༠ཡོད་པ་ནས་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་སྣེ་ཁྲིད་པའི་(BJP)ཆབ་སྲིད་ཚོགས་པ་ལ་ཞབས་སྟེགས་༤༦ཐོབ་ནས་སྐུ་ཞབས་པདྨ་མཁའ་འགྲོ་ལགས་སླར་ཡང་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་རྒྱུ་ཡིན་པ་རེད།

དེ་བཞིན་ཡང་འདི་ཚེས་༤ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀྱང་རྒྱ་གར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པུ་རེམ་སིངྒ་རྟ་མང་(Prem Singh Tamang)་ལགས་དང་། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་(Pema Khandu)་ལགས་རྣམ་གཉིས་ལ་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུའི་ནང་སླར་ཡང་རྒྱལ་ཁ་ཐོབ་པར་འཚམས་འདྲི་གནང་བ་དང་མཉམ། འོས་འདེམས་ནང་རྒྱལ་ཁ་ཐོབ་པ་ནི་སོ་སོའི་མངའ་སྡེའི་མི་དམངས་ཀྱི་ཡིད་ཆེས་ལས་བྱུང་བ་དང་། མ་འོངས་བར་མུ་མཐུད་དུ་ལས་དོན་གོང་འཕེལ་ཡོང་རྒྱུའི་རེ་བ་ཞུ། ད་བར་བོད་མི་དམངས་བར་གྱི་འཛའ་གྲོགས་འབྲེལ་ལམ་དང་། ༧གོང་ས་མཆོག་ལ་རྒྱུན་དུ་ནས་ལྷག་བསམ་གཡོ་མེད་ཀྱི་དད་གུས་ཆེན་པོ་ཞུ་བཞིན་པས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་ཀྱི་འདུག་ཅེས་བྲིས་འདུག

གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎