དབྱིན་ཡུལ་གྲོས་ཚོགས་ནང་བོད་ནི་དེ་སྔ་རང་བཙན་ཡིན་པ་སོགས་བོད་དོན་གླེང་འདུག

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡༩ ཉིན་དབྱིན་ཡུལ་གྱི་གྲོས་ཚོགས་གོང་མའི་ནང་ལོ་མཇུག་བགྲོ་གླེང་སྐབས། གྲོས་ཚོགས་གོང་མའི་འཐུས་མི་ཌེ་ཝིཌ་ ཨལ་ཊོན་ (Lord David Alton) ལགས་ཀྱིས་དབྱིན་ཡུལ་གཞུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དང་། ལྷག་པར་དུ་ཧོང་ཀོང་དང་། ཐེ་ཝན། བོད་སོགས་ཀྱི་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བདེ་སྡུག་གནད་དོན་སོགས་ཀྱི་ཐད་གྲོས་བསྡུར་གནང་སྐབས། གྲོས་ཚོགས་འཐུས་མི་ ཌེ་ཝིཌ་ ཨལ་ཊོན་ (Lord David Alton) ལགས་ཀྱིས། བོད་ནང་རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་རིག་གཞུང་རྩ་མེད་གཏོང་བའི་སྲིད་ཇུས་མུ་མཐུད་དུ་སྤེལ་བཞིན་ཡོད། བོད་ཀྱི་སྐད་ཡིག་བེད་སྤྱོད་ཐད་དམ་དྲག་དང་། དགོན་སྡེ་ཁག་གཏོར་བཤིག བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་བྱུས་བཅས་ལག་བསྟར་བྱེད་བཞིན་ཡོད། ༧གོང་ས་༧ཏཱ་ལའི་བླ་མ་མཆོག་བཙན་བྱོལ་དུ་བཞུགས་དགོས་པ་དང་། ཆོས་དད་རང་དབང་ཧ་ལམ་མེད་པ་ཆགས་ཡོད། ཨ་རིའི་རང་དབང་ཁང་པས་བོད་ནི་འཛམ་གླིང་ནང་རང་དབང་ཆུང་ཤོས་ཀྱི་ས་ཁུལ་གྱི་གྲས་སུ་བརྩིས་ཡོད་པ་དང་། རྒྱ་ནག་གཞུང་གིས་ལྟ་སྲུང་བྱེད་པ་དང་མི་མང་པོ་འཛིན་བཟུང་བྱེད་པ། ཁྱོག་བཤད་དྲིལ་བསྒྲགས་བྱེད་པ་བཅས་ཀྱི་ཐོག་ནས་བོད་མིའི་ངོ་བོ་རྩ་མེད་གཏོང་བཞིན་ཡོད། བོད་ཀྱི་དཀའ་ངལ་ཐད་རྒྱལ་སྤྱིས་ཁ་ཁུ་སིམ་པོར་སྡོད་སྟངས་དེ་རྒྱ་ནག་གི་ཆོས་དད་པ་ཚོར་མནར་གཅོད་གཏོང་བ་དང་འདྲ་བ་རེད། དཔེར་ན་ཝུའུ་ཧན་གྱི་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་སྐོར་བདེན་དོན་འཚོལ་ཞིབ་བྱེད་མཁན་གསར་འགོད་པ་གཞོན་ནུ་མ་ཀྲང་ཀྲན་བཙོན་འཇུག་བྱས་པ་དང་། ཧྥ་ལུང་ཀུང་རྩ་རླུང་སྒོམ་སྒྲུབ་ཉམས་ལེན་པ་ཚོར་མནར་གཅོད་བཏང་པ། ཤིན་ཅང་ནང་གི་ཡུ་གུར་མི་མང་ཚོར་ངལ་རྩོལ་བཟོ་གྲྭའི་རྣམ་པའི་ཐོག་ནས་བཀག་སྐྱིལ་དམ་དྲག་བྱས་པ་བཅས་རེད། ཅེས་གཏམ་བཤད་གནང་འདུག
གཞན་གྲོས་ཚོགས་གོང་མའི་འཐུས་མི་ མར་ཊིན་ ཁེ་ལ་ནན་ (Lord Callanan) ལགས་ཀྱིས་སྐབས་དེར་བོད་དོན་ཐད་གསུངས་སྐབས། རྒྱ་ནག་གཞུང་གིས་ལོ་བཅུ་ཕྲག་མང་པོའི་རིང་བོད་ཀྱི་རིག་གཞུང་དང་། ཆོས་ལུགས། ངོ་བོ་བཅས་པ་རྩ་མེད་གཏོང་རྒྱུའི་ལས་འགུལ་སྤེལ་བ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསམ་ཤེས་ཐོག་མི་འདོད་པའི་རྨ་ཁ་ཞིག་ཆགས་ཡོད། ང་ཚོས་བརྗེད་མི་རུང་བ་ཞིག་ལ། དེ་སྔོན་བོད་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན། ད་ཆ་སུས་ཀྱང་བོད་ལ་རང་བཙན་རྒྱལ་ཁབ་ཅེས་འབོད་ཀྱི་མེད་ལ། དོན་དངོས་ཐོག་རྒྱ་ནག་གི་ཆ་ཤས་སུ་བསྒྱུར་ཟིན་པ་དང་། བོད་མི་རིགས་ཀྱང་དལ་ལྷོད་ངང་རྩ་མེད་དུ་གཏོང་བཞིན་ཡོད། ལོ་ཤས་གོང་ངས་རྡ་རམ་ས་ལར་བཙན་བྱོལ་དུ་བཞུགས་པའི་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་མཇལ་བའི་གོ་སྐབས་བཟང་པོ་ཐོབ་བྱུང་། ང་ཁོང་གི་ཆོས་ལུགས་ཀྱི་ཉམས་ལེན་པ་ཞིག་མིན་ཡང་། བོད་མི་རིགས་ལ་ཉེན་ཁ་དང་མི་རིགས་རྩ་མེད་གཏོང་བའི་དཀའ་ངལ་འཕྲད་བཞིན་པའི་དུས་སྐབས་འདིར་ཡང་འཚེ་མེད་ཞི་བའི་ལྟ་གྲུབ་མུ་མཐུད་གསུང་མཁན་གྱི་སྙིང་སྟོབས་ཅན་གྱི་སྐྱེས་བུ་ཞིག་རེད། ཅེས་གསུངས་འདུག
རྩོམ་པ་པོ་དང་དཔྱད་བརྗོད་པ་སྐུ་ཞབས་གནམ་ལོ་ཡག་ལགས་ཀྱིས་ད་རེས་དབྱིན་ཇིའི་གྲོས་ཚོགས་གོང་མའི་འཐུས་མི་ཞིག་གིས་རྒྱ་ནག་གིས་བཙན་འཛུལ་མ་བྱས་གོང་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་རེད་ཅེས་གསུངས་པ་དེ་ངོས་འཛིན་གལ་ཆེན་པོ་ཞིག་རེད། དེ་ནི་ ༢༠༢༠ ལོར་ཨ་རིས་གཞུང་འབྲེལ་གྱིས་བོད་ནི་དམག་དོན་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ཡིན་ཞེས་ངོས་འཛིན་གནང་བའི་རྗེས་ཀྱི་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་གཞན་ཞིག་གིས་དེ་ལྟར་ངོས་འཛིན་གནང་བ་རེད་ཅེས་དཔྱད་བརྗོད་སྤེལ་སོང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།