སྲིད་སྐྱོང་མཆོག་གིས་ཡོ་རོབ་ཀྱི་རྒྱལ་ཁབ་བཞིའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་འདུག
དེ་ཡང་འདི་ཚེས་༢༣ཉིན་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དབྱིན་ཡུལ་དང་། ནོར་ཝེ། ཌན་མརཀ ཇར་མན་ནི་བཅས་རྒྱལ་ཁབ་བཞིའི་ནང་གི་གཞུང་འབྲེལ་འཚམས་གཟིགས་དབྱིན་ཡུལ་ནས་དབུ་འཛུགས་གནང་ཡོད་པ་དང་། དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བློ་ཆོས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ད་རེས་ཡོ་རོབ་ཀྱི་ཡུལ་གྲུ་ཁག་ནང་འཚམས་གཟིགས་སྐབས་སུ། རྒྱལ་ཁབ་དེ་དག་གི་གྲོས་ཚོགས་འཐུས་མི་གཙོས་གཞུང་འབྲེལ་དཔོན་རིགས་ཁག་དང་། བོད་དོན་རྒྱབ་སྐྱོར་བ། ཕྱི་འབྲེལ་གྱི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ཡོད། དེ་བཞིན་ཆོས་དད་རང་དབང་དང་འབྲེལ་ཡོད་ཀྱི་དཔོན་རིགས་རྣམས་དང་མཇལ་འཕྲད་གནང་རྒྱུ་དང་། དེ་བཞིན་ས་གནས་བོད་མི་རྣམས་དང་མཇལ་འཕྲད་གནང་རྒྱུ་དང་། ས་གནས་དེ་དག་གི་ནང་པའི་ཆོས་ཚོགས་ཁག་ཏུ་ཕེབས་རྒྱུ་སོགས་ཀྱི་མཛད་རིམ་ཡོད་པ་ངོ་སྤྲོད་གནང་བྱུང་།
འདི་ཚེས་༢༤ཉིན་སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་གྱི་རྒྱལ་སར་མང་གཙོའི་གླེང་སྟེགས་(TDF)་ཞེས་པའི་ཐོག་རྒྱ་ནག་གཞུང་གིས་བོད་ལ་མི་ལོ་༧༢ རིང་དབང་བསྒྱུར་བྱས་པ་ཞེས་པའི་བརྗོད་གཞིའི་ཐོག་བོད་དོན་གཏམ་བཤད་གནང་ཡོད་པ་དང་། ཕྱི་ཚེས་༢༥་ཉིན་དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། གྲོས་ཚོགས་ནང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚོགས་ཆུང་གིས་གོ་སྒྲིག་ཞུས་པའི་ལྷན་ཚོགས་ཐོག་གསུངས་བཤད་གནང་རྒྱུ་ཡིན་པ་རེད། ཚེས་༢༦ཉིན་(Westminster)་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་དང་། དེ་ནས་ཕྱི་ཚེས་༢༨ཉིན་(Edinburg)་དང་། (Aberdeem)་གཙུག་ལག་སློབ་གྲྭ་ཆེན་མོ་བཅས་སུ་གཏམ་བཤད་གནང་རྒྱུ་ཡིན་པ་རེད།
ཡང་ཕྱི་ཟླ་༥བའི་ཚེས་༣ཉིན་(Copenhagen)་ནང་གི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ནང་བོད་དོན་གཏམ་བཤད་གནང་རྒྱུ་དང་། གསར་ལམ་ཁག་ལའང་བཀའ་མོལ་གནང་འཆར་ཡོད་འདུག
དེ་ནས་ཕྱི་ཟླ་༥བའི་ཚེས་༥ཉིན་ཇར་མན་ནིར་ཕེབས་ཐོན་གནང་རྒྱུ་ཡིན་པ་རེད།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།