དབྱིན་ཡུལ་གྲོས་ཚོགས་ནང་ཁྲིམས་འཆར་བགྲོ་གླེང་ཞིག་གི་སྐབས་བོད་དོན་གླེང་འདུག
ཕྱི་ཟླ་༦པའི་ཚེས་༡༣ཉིན་དབྱིན་ཡུལ་གྱི་གྲོས་ཚོགས་འོག་མའི་ནང་དབྱིན་ཡུལ་གཞུང་གི་འཛུགས་བསྐྲུན་ཐད་ཅ་དངོས་ཉོ་སྒྲུབ་དང་འབྲེལ་བའི་ཁྲིམས་འཆར་བགྲོ་གླེང་གནང་སྐབས། དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་དང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Tim Loughton)་ལགས་ཀྱིས། རྒྱ་ནག་གི་པར་ཆས་བཟོ་གྲྭ་(Hikvision)་དང་(Dahua)་ཞེས་པའི་ཁེ་གཉེར་ལས་ཁང་ལ་སོགས་པས་ཤིན་ཅང་གི་ཡུ་གུར་མི་རིགས་དང་བོད་མིར་བཙན་གནོན་དང་མི་རིགས་རྩ་མེད་བཟོ་བ་སོགས་འགྲོ་བ་མི་ནག་ཅན་བཟོ་བའི་ལས་དོན་སྤེལ་བཞིན་པར་དབྱིན་ཇིའི་གཞུང་ཙམ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་གཞན་ཁག་གིས་ཀྱང་རྒྱ་ནག་གི་ཁེ་གཉེར་ལས་ཁང་དེ་དག་འགན་འཁུར་ལྡན་པ་ཞིག་བཟོ་དགོས་པ་དང་། དེ་དག་ནས་དངོས་པོ་ཉོ་སྒྲུབ་མི་བྱེད་པའི་འབོད་སྐུལ་གནང་ཡོད་པ་རེད་འདུག
དེའི་སྐོར་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་བོད་རང་དབང་ལས་འགུལ་ཁང་གི་བསྟན་འཛིན་ཀུན་དགའ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། གོང་བརྗོད་ཁྲིམས་འཆར་དེ་ལོ་སྔོན་མ་ནས་གྲོས་ཚོགས་གོང་མའི་ནང་བགྲོ་གླེང་གནང་ཟིན་པ་དང་། ད་ལྟ་གྲོས་ཚོགས་འོག་མའི་ནང་བགྲོ་གླེང་གནང་བཞིན་པ་རེད། སྐབས་དེར་གྲོས་ཚོགས་འཐུས་མི་(Tim Loughton)་ལགས་ཀྱིས་རྒྱ་ནག་གི་པར་ཆས་བཟོ་གྲ་(Hikvision)་དང་(Dahua)་སོགས་ཀྱིས་བཟོས་པའི་པར་ཆས་རིགས་བོད་དང་ཤིན་ཅང་ནང་སྡུག་སྦྱོང་གཏོང་བྱེད་བེད་སྤྱོད་གཏོང་བཞིན་པ་གསལ་སྟོན་དང་འབྲེལ་ཅ་དངོས་དེ་རིགས་དབྱིན་ཡུལ་གཞུང་གིས་བེད་སྤྱོད་མཚམས་འཇོག་དང་ཉོ་སྒྲུབ་མཚམས་འཇོག་དགོས་བ་ནན་སྐུལ་བྱས་ཡོད་པ་འགྲེལ་བརྗོད་གནང་བྱུང་ལ་ཁྲིམས་འཆར་དེ་མཐའ་མའི་ཐག་གཅོད་བྱེད་པར་གྲོས་ཚོགས་གོང་མའི་ནང་ཡང་བསྐྱར་བགྲོ་གླེང་གནང་དགོས་ཀྱི་ཡོད་པ་རེད།
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།