༧གོང་ས་མཆོག་གིས་དབྱིན་ཇིའི་རྒྱལ་པོར་སྙུན་གཞི་དྭངས་སྐྱེད་ཡོང་བའི་ཐུགས་གསོའི་འཚམས་འཕྲིན་བསྩལ་འདུག

དེ་ཡང་སྤྱི་ཟླ་༢བའི་ཚེས་༧ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དབྱིན་ཇིའི་རྒྱལ་པོ་(Charles)་གསུམ་པ་མཆོག་ལ་ཐུགས་གསོའི་འཚམས་འདྲིའི་གསུངས་འཕྲིན་ཞིག་བསྩལ་བའི་ནང་། ངོས་ཀྱིས་དེ་སྔོན་ཕྱི་ཟླ་༡ཟླ་མཇུག་ཏུ་སྐུ་ཉིད་ལ་ཕྱག་བྲིས་ཕུལ་བའི་རྗེས་སུ། ཉིད་ལ་འབྲས་སྐྲན་ཀྱི་སྙུན་གཞི་ཕོག་ཡོད་པ་སྨན་པས་ངོས་འཛིན་བྱུང་པ་ཤེས་རྟོགས་བྱུང་། འདི་ནི་སེམས་འཚབ་བྱེད་ཞིག་ཡིན་ཡང་། འབྲས་སྐྲན་གྱི་ནད་ཡིན་པ་སྔ་ཙམ་ནས་ཤེས་རྟོགས་ཐུབ་པ་དང་། སྐུ་ཉིད་ཀྱིས་དགོས་ངེས་ཀྱི་སྨན་བཅོས་བདག་སྐྱོང་གནང་བཞིན་པ་ཤེས་རྟོགས་བྱུང་བ་ནི་དགའ་འོས་པ་ཞིག་རེད། སྐུ་ཉིད་ཀྱི་སྨན་བཅོས་ལམ་ལྷོང་བྱུང་སྟེ་སྙུན་གཞི་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་གི་ཡོད་ཅེས་འཁོད་འདུག
ཕྱི་ལོ་༢༠༢༢ཟླ་༩ཚེས་༩ཉིན་དབྱིན་ཇིའི་རྒྱལ་མོ་(Elizabeth)་གཉིས་པ་མཆོག་དགུང་གྲངས་༩༦སྟེང་དགོངས་པ་རྫོགས་པའི་རྗེས། དབྱིན་ཇིའི་རྒྱལ་སྲས་(Charles)་མཆོག་གིས་རྒྱལ་པོའི་མཛད་འགན་བཞེས་ཡོད་པ་རེད། དེ་སྔ་སྤྱི་ལོ་༢༠༠༨ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་དུ་ཆིབས་བསྒྱུར་དང་འབྲེལ་དབྱིན་ཇིའི་རྒྱལ་སྲས་(Charles)་མཆོག་དང་མཇལ་འཕྲད་གནང་ཞིང་། རྒྱལ་སྲས་(Charles)་མཆོག་གིས་སྐབས་དེར་རྒྱ་ནག་གི་གནོན་ཤུགས་ལ་མ་བལྟོས་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁོང་གི་བཞུགས་གནས་སུ་གདན་འདྲེན་ཞུས་ཏེ། ཆོས་ལུགས་མཐུན་འབྲེལ་གྱི་ཚོགས་འདུར་ལྷན་ཞུགས་གནང་པ་སོགས་བྱུང་ཡོད་པ་དང་། གཞན་ཡང་སྤྱི་ལོ་༢༠༡༢ལོར་བསྐྱར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་དུ་ཆིབས་བསྒྱུར་མཛད་པའི་སྐབས་རྒྱལ་སྲས་མཆོག་དང་མཇལ་འཕྲད་གནང་ཞིང་། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྲས་མཆོག་ནི་ཐུགས་ཉེ་བའི་གྲོགས་པོ་ཡག་ཤོས་ཤིག་ཡིན་པ་བཀའ་གནང་ཡོད།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།