༧གོང་ས་མཆོག་གིས་ཆོས་དཔོན་ཊུ་ཊུ་མཆོག་གི་འཁྲུངས་སྐར་ལ་དམིགས་བསལ་འཚམས་འཕྲིན་གནང་འདུག

2021.10.07
༧གོང་ས་མཆོག་གིས་ཆོས་དཔོན་ཊུ་ཊུ་མཆོག་གི་འཁྲུངས་སྐར་ལ་དམིགས་བསལ་འཚམས་འཕྲིན་གནང་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཡི་ཤུའི་ཆོས་དཔོན་ཌེསྀ་མོནཌ་ཊུ་ཊུ་(Desmond Tutu)མཆོག
AP

སྤྱི་ཟླ་༡༠་ཚེས་༧་ཉིན་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གང་ཉིད་ཀྱི་ཆོས་སྤུན་ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུའི་ཆོས་དཔོན་(Desmond Tutu)་མཆོག་དགུང་གྲངས་༩༠་ལ་ཕེབས་པའི་འཁྲུངས་སྐར་ལ་བརྙན་ལམ་ནས་འཚམས་འདྲི་གནང་བའི་ནང་། ༧གོང་ས་མཆོག་གིས། ངེད་ཀྱི་སྙིང་ཉེ་བའི་ཆོས་སྤུན་བགྲེས་པ། སྦི་ཤོབ་ཊུ་ཊུ་ཁྱེད་ལ་ངོས་ནས་གུས་བཀུར་ཡི་རངས་ཆེན་པོ་ཞུ་བཞིན་ཡོད། ངས་ཁྱེད་ཀྱི་དགུ་བཅུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་རྒྱུ་ཡིན།

ང་ཚོ་ཆོས་ལུགས་ཀྱི་མི་སྣ་ཚོས། མཐའ་ཅིག་ཏུ་ཞི་བདེའི་ནང་བཞུགས་པ་སྦི་ཤུ་ཊུ་ཊུ་ཁོང་ལྟ་བུའི་རྗེས་སུ་འབྲངས་དགོས། ཁོང་དང་ངེད་གཉིས་རྣམ་ཀུན་ཀུ་རེ་ཞུ་སྐབས་ང་ནི་སྐྱེ་བ་ཕྱི་མ་ཁས་ལེན་མཁན་ཞིག་ཡིན་པ་དང་། སྦི་ཤུབ་ཊུ་ཊུ་ནི་འཇིག་རྟེན་བཀོད་པ་པོ་ཞལ་གྱིས་བཞེས་མཁན་ཞིག་ཡིན་སྟབས། ཁོང་གིས། ང་ནི་ལྷ་ཡུལ་དུ་འགྲོ་ཆོག་ཆོག་ཡིན་ན་ཡང་། ཁྱེད་ནི་གནས་གཞན་ཞིག་ཏུ་ཕེབས་སྲིད་པ་རེད་ཅེས་ཞལ་ཤོབ་དང་བཅས་གསུང་གི་ཡོད། གང་ལྟར་ཡང་། ངོས་གཉིས་ཀ་མིའི་སེམས་ཀྱི་ཞི་བདེ་དོན་གཉེར་ཆེད་འདུན་པ་ཡོངས་སུ་གཏད་ཟིན་པ་ཡིན་ལ། ནང་སེམས་ཀྱི་ཞི་བདེ་བརྒྱུད་འཛམ་གླིང་ཞི་བདེ་སྒྲུབ་རྒྱུར་རང་ནུས་གང་ལྕོགས་ཀྱི་ཞབས་འདེགས་སྒྲུབ་བཞིན་པ་ཡིན།
དེ་རིང་ཁྱེད་དགུང་གྲངས་དགུ་བཅུར་ཕེབས་པའི་ཉིན་མོ་དམིགས་བསལ་འདིར། ངས་དམིགས་བསལ་གྱི་སྨོན་ལམ་དང་འཚམས་འདྲི་ཞུ་རྒྱུ་ཡིན། ཅེས་སོགས་གསུང་འདུག
ཡེ་ཤུའི་ཆོས་དཔོན་(Desmond Tutu)་མཆོག་ནི་ལྷོ་ཨ་ཧྥི་རི་ཀའི་ནང་དུ་མི་རིགས་དབྱེ་བྱེད་ཀྱི་སྲིད་ཇུས་ལ་ངོ་རྒོལ་གནང་མཁན་གྱི་དབུ་ཁྲིད་ཞིག་ཡིན་པ་དང་། སྤྱི་ལོ་༡༩༨༤་ལོར་ཁོང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་པ་རེད།
སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། གང་ཉིད་དང་ཧ་ཅང་ཐུགས་ཐག་ཉེ་པོ་ཡོད་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ཆོས་དཔོན་(Desmond Tutu)་རྣམ་གཉིས་ཀྱི་སྐུ་ཚེའི་ནང་དུ། གཅིག་བསྡུས་དབང་འཛིན་འོག་གི་དཀའ་སྡུག་མང་པོ་དངོས་མྱོང་བ་དང་གཟིགས་མྱོང་བའི་དུས་རབས་ཉེར་གཅིག་པའི་འཛམ་གླིང་གི་དབུ་ཁྲིད་གཟེངས་སུ་ཐོན་པ་གཉིས་ཡིན་པ་དང་། དབུ་ཁྲིད་རྣམ་གཉིས་ཞལ་འཛོམས་ནམ་བྱུང་གི་སྐབས་སུ་ཐུགས་སྤྲོ་སྣང་གི་ཁེངས་པའི་རྣམ་པ་དམིགས་བསལ་མཇལ་རྒྱུ་ཡོད་ལ། འཛམ་གླིང་ནང་དཀའ་སྡུག་ཇི་འདྲ་མྱོང་རུང་། མིའི་སེམས་ནང་གི་བདེ་སྐྱིད་དེ་དོར་དུ་འཇུག་རྒྱུ་མེད་པ་དང་། རྗེས་འབྲངས་པ་ཚོར་བཟང་ཕྱོགས་ཀྱི་བསམ་བློ་འཛིན་དགོས་པའི་བཀའ་སློབ་ཡང་ཡང་གནང་གི་ཡོད་པ་རེད།
དེ་བཞིན་ད་རེས་ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུའི་མཆོད་དཔོན་(Desmond Tutu)་མཆོག་དགུང་གྲངས་༩༠་ལ་ཕེབས་པའི་འཁྲུངས་སྐར་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཀྱང་སྤྱི་ཚོགས་འབྲེལ་འཐུས་དྲ་རྒྱ་(Twitter)་བརྒྱུད་འཚམས་འདྲི་གནང་འདུག་ཅིང་། དེ་ཡང་སྲིད་སྐྱོང་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སྐུ་ཉིད་བར་གྲོགས་པོའི་མཛའ་འབྲེལ་གཏིང་ཟབ་ཡོད་པས་ང་ཚོ་ཆེས་སྤྲོ་སྣང་གིས་ཁེངས་ཡོད་ལ། མགོན་པོ་གང་ཉིད་དང་སྐུ་ཉིད་ཀྱི་གྲོགས་པོའི་མཛའ་འབྲེལ་དེས་འགྲོ་བ་མི་བཟང་པོ་ཞིག་བྱེད་པར་བློ་སྐྱེད་སྟེར་ངེས་ཡིན། སྐུ་ཉིད་སྐུ་ཚེ་ཡུན་རིང་བརྟན་པ་དང་། འཛམ་གླིང་མི་དམངས་ཀྱིས་མུ་མཐུད་སྐུ་ཉིད་ཀྱི་རྣམ་དཔྱོད་རྟོགས་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག

གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎