མདོ་ལྷོ་བསང་ཆུ་རྫོང་དུ་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་བརྒྱད་ཐོན་འདུག
དེ་ཡང་བསང་ཆུ་རྫོང་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་འགོ་ཁྲིད་ཚོགས་ཆུང་གིས་སྤེལ་བའི་གནས་ཚུལ་ལྟར་ན། འདི་ཚེས་༡༢ཉིན་མདོ་སྨད་བླ་བྲང་བསང་ཆུ་རྫོང་དུ་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་མི་གྲངས་༨ཐོན་པ་དང་། དེ་མ་ཐག་ཁོང་ཚོ་ལོགས་སུ་ཟུར་བཀག་སྨན་བཅོས་དང་མཉམ། ཁོང་ཚོ་དང་ཕན་ཚུན་འབྲེལ་བ་བྱུང་བའི་མི་གྲངས་༣༨༦ཙམ་ཡོད་པ་རྣམས་ལ་བརྟག་དཔྱད་བྱེད་བཞིན་ཡོད་པས་ཉིན་ཤས་ནང་བསང་ཆུ་རྫོང་གི་ནད་པའི་གྲངས་ཀ་འཕར་སྲིད་པ་དང་ཚང་མས་སྔོན་འགོག་ཐད་གཟབ་ནན་བྱེད་དགོས་བ་བརྗོད་འདུག
དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ས་གནས་བོད་མི་ཞིག་ལ་སྐད་ཆ་དྲིས་སྐབས། ཁོང་གིས། བསང་ཆུ་རྫོང་ལ་བྱུང་བའི་ཏོག་དབྱིབས་རིམས་ནད་དེ་ཐོག་མར་ལན་ཀྲོའུ་ནས་ཡོང་བའི་རྒྱ་མི་ཞིག་བསང་ཆུ་རྫོང་གི་མགྲོན་ཁང་ཞིག་གི་ནང་བསྡད་རྗེས་མགྲོན་ཁང་གི་ལས་ཀ་བ་ཚོར་འགོས་ནས་ཁྱབ་གདལ་བྱུང་བ་དང་། ལས་ཀ་བ་དེ་ཚོ་མང་ཆེ་བ་བོད་མི་ཡིན་འདུག ད་ཆ་བསང་ཆུ་རྫོང་གི་ཡུལ་སྐོར་དང་འདུ་འཛོམས་བྱེད་སྒོ་རིགས་གནས་སྐབས་མེད་པར་བཟོས་བ་དང་། ཕྱི་ནས་ཡོང་མཁན་གྱི་འགྲིམ་འགྲུལ་བཀག་འགོག་བྱེད་བཞིན་པ་བརྗོད་བྱུང་།
ཡང་བོད་མི་གཞན་ཞིག་གིས། བོད་ནང་ནད་ཡམས་སྔོན་འགོག་བྱེད་པར་གཙོ་བོ་རྒྱ་ནག་གི་གྲོང་ཁྱེར་ཁག་ནས་རྒྱ་མི་ཚོ་བོད་ནང་ཡོང་རྒྱུ་བཀག་སྡོམ་བྱེད་དགོས། ཕྱི་ནས་ནད་པ་ཡོང་བར་བཀག་སྡོམ་མ་བྱས་བར་ནད་ཡམས་ཁྱབ་གདལ་བྱུང་རྗེས་ས་གནས་སུ་དམ་དྲག་བྱེད་པ་འདི་འོས་འཚམས་མིན་པ་གསུངས་བྱུང་།
གཙོས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་བཅོས་ཚན་པས། འདི་ཚེས་༡༤ཉིན་ནས་བཟུང་གནས་སྐབས་རིང་། གཙོས་གྲོང་ཁྱེར་ནས་བླ་བྲང་དང་། ལན་ཀྲོའུ་གྲོང་ཁྱེར་སོགས་སུ་འགྲོ་འོང་བྱེད་པའི་འགྲུལ་སྐྱེལ་རླངས་འཁོར་གཏོང་མཚམས་འཇོག་རྒྱུ་ཡིན་པ་བསྒྲགས་འདུག
སྤྱིར་ཉེ་བའི་ནང་རྒྱ་ནག་ནང་རྣམ་པ་འགྱུར་བའི་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པ་དང་། ཕྱི་ཚེས་༡༣ཉིན་བར་ཉིན་ཤས་ནང་ཀན་སུའུ་ལན་ཀྲོའུ་ཕྱོགས་སུ་རིམས་ནད་འགོས་བའི་ནད་པ་༡༥༠ལྷག་ཐོན་ཡོད་འདུག
གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།