རྒྱ་ནག་ནང་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ཇེ་སྡུག་ཏུ་སོང་ནས་ཕུང་པོ་སྲེག་ཡུལ་ཁག་ནང་རོ་ཡིས་ཁེངས་ནས་དཀའ་ངལ་འཕྲད་བཞིན་འདུག

2022.12.21
རྒྱ་ནག་ནང་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ཇེ་སྡུག་ཏུ་སོང་ནས་ཕུང་པོ་སྲེག་ཡུལ་ཁག་ནང་རོ་ཡིས་ཁེངས་ནས་དཀའ་ངལ་འཕྲད་བཞིན་འདུག པེ་ཅིང་གི་སྨན་ཁང་ཞིག་ནས་ཕུང་པོ་སྐྱེལ་བཞིན་པ། ༡༢།༡༩།༢༠༢༢
AP

དེ་ཡང་ཧྥ་རན་སིའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་ནས་རྒྱ་ནག་གཞུང་གིས་གློ་བུར་དུ་ཏོག་དབྱིབས་རིམས་ནད་སྔོན་འགོག་དང་འབྲེལ་བའི་བཀག་སྡོམ་སྲིད་ཇུས་ལྷུག་ཏུ་བཏང་ནས། འདས་པའི་ལོ་འགའ་ཤས་རིང་དུ་འགྲོ་འོང་བཀག་སྡོམ་དང་ཟུར་བཀག བརྟག་དཔྱད་སོགས་གློ་བུར་དུ་མཚམས་འཇོག་བྱས་པའི་རྗེས། ད་ཆ་རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཤུགས་ཆེར་འགྲོ་བཞིན་པའི་གནས་སྟངས་འོག་སྨན་ཁང་ཁག་ཏུ་ནད་པས་ཁེངས་པ་དང་། སྨན་ཚོང་ཁང་དག་ཏུ་སྨན་རྫོགས་ནས་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་ཡོད་པ་མ་ཟད། རྒྱ་ནག་གི་ས་ཁུལ་སོ་སོར་ཡོད་པའི་ཕུང་པོ་མེར་སྲེག་བྱེད་ཡུལ་ཁག་གི་ལས་བྱེད་ནས་ཧྥ་རན་སིའི་གསར་འགྱུར་ཁང་ལ་བརྗོད་ན། ཉིན་འདི་གར་ཕུང་པོའི་གྲངས་ཀ་འཕར་བ་དང་བསྟུན་ནས་ལས་ཀ་འཕར་མ་བྱས་ནས་དེ་དག་གང་མགྱོགས་མེར་སྲེག་གཏོང་ཐབས་བྱེད་བཞིན་ཡོད་པ་བརྗོད་འདུག
དེ་ཡང་དཔེར་ན། མི་གྲངས་ས་ཡ་༣༠ཡོད་པའི་རྒྱ་ནག་གི་གྲོང་ཁྱེར་ཁྲོན་ཆིན་(Chongqing)་ ལྟ་བུར་མཚོན་ན། ས་གནས་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཅུང་ཡང་པའི་མི་རྣམས་ལས་ཀ་འགྲོ་དགོས་པའི་སྐུལ་སློང་བྱས་ཡོད་པ་རེད་ལ། ས་གནས་ཀྱི་ཕུང་པོ་མེར་སྲེག་བྱེད་སའི་ལས་བྱེད་ནས་ཧྥ་རན་སིའི་གསར་ཁང་ལ་བརྗོད་ན། ཉིན་འདི་གར་ཁོ་ཚོའི་མེར་སྲེག་ཁང་དེར་སྐྱེལ་ཡོང་བའི་ཕུང་པོ་དེ་སྔ་ལས་ལྡབ་མང་པོས་འཕར་ཡོད་སྟབས། ད་ཆ་ཕུང་པོ་བཞག་ས་མི་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་བརྗོད་འདུག
དེ་བཞིན་ཡང་རྒྱ་ནག་ལྷོ་ཕྱོགས་ཀོང་ཀྲོའུ་(Guangzhou)་གྲོང་ཁྱེར་གྱི་ཕུང་པོ་མེར་སྲེག་ཁང་ཞིག་གི་ལས་བྱེད་ནས་གོང་ཞུས་གསར་འགྱུར་ཁང་ལ་བརྗོད་ན། ཁོ་ཚོས་ཉིན་ལྟར་ཕུང་པོ་༣༠ལྷག་མེར་སྲེག་གཏོང་དགོས་ཀྱི་ཡོད་པ་བརྗོད་འདུག་ལ། ཁུལ་དེའི་ཕུང་པོ་མེར་སྲེག་ཁང་གཞན་ཞིག་ཏུ་ཡང་ནམ་རྒྱུན་དང་བསྡུར་ན་ཕུང་པོ་ལྡབ་གསུམ་བཞི་ཞིག་གིས་ཇེ་མང་དུ་སོང་ནས། ཁོ་ཚོས་ཉིན་ལྟར་ཕུང་པོ་༤༠ལྷག་མེར་སྲེག་གཏོང་དགོས་ཀྱི་ཡོད་པ་དང་། ཕལ་ཆེར་རྒྱ་ནག་གི་ཕུང་པོ་མེར་སྲེག་ཁང་ཚང་མའི་ནང་དེ་ལྟར་ལས་བྲེལ་ཡོད་པ་བརྗོད་འདུག

two Beijing men carried coffins outside the crematorium.jpg
དེ་བཞིན་ཉེ་ལམ་ནས་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཇེ་སྡུག་ཏུ་ཕྱིན་པའི་རྐྱེན་གྱིས། རྒྱལ་ས་པེ་ཅིང་ནང་གི་ཕུང་པོ་འཇོག་ཡུལ་ཁག་གིས་ཚོུད་༢༤འི་རིང་ལས་ཀ་བྱེད་དགོས་བྱུང་ན་ཡང་། ད་ཆ་ཕུང་པོ་དུར་འཇུག་བྱེད་པར་ཉུང་མཐར་ཉིན་ལྔ་ལ་སྒུག་དགོས་ཀྱི་ཡོད་པའི་སྐོར་ཕུང་པོ་འཇོག་ཡུལ་གྱི་ལས་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་འགྲེལ་བརྗོད་བྱས་ཡོད་པ་རེད།
རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་ས་གནས་དཔོན་རིག་གིས། གཟའ་མིག་དམར་ཕྱི་ཚེས་༢༠ཉིན་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་པ་མི་ལྔ་ལས་བྱུང་མེད་ཚུལ་དང་། དེ་ནི་གོང་གི་ཉིན་གཉིས་དང་བསྡུར་ན་ཤི་སྐྱོན་གྱི་གྲངས་ཀ་མི་གསུམ་ལས་མང་བ་ཕྱིན་མེད་ལུགས་བརྗོད་འདུག


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎