རྒྱ་ནག་གི་སྲིད་འཛིན་ཞིའི་ཅིན་ཕིང་ཨ་རིར་འཚམས་གཟིགས།
2015.09.22
༄༅། །རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཆུ་ཚོད་འགའ་ཤས་ཀྱི་ནང་ཨ་རིའི་ནུབ་ཕྱོགས་ཝ་ཤིང་ཊོན་མངའ་སྡེའི་གྲོང་ཁྱེར་ Seattle རུ་འབྱོར་རྒྱུ་ཡིན་ཞིང་། དེ་ཕྱོགས་སུ་ཨ མི་རི་ཀའི་ Boeing གནམ་གྲུའི་བཟོ་གྲྭ་དང་། Microsoft ཀམ་པུར་ཀྲར་ཁེ་གཉེར་ལས་ཁང་གི་ལས་ཁུངས་བཅས་ཀྱི་ནང་ཕེབས་ཏེ་འབྲེལ་ཡོད་ཚན་པ་དེ་དག་གི་འགོ་ཁྲིད་ཚོང་པ་དང་འཕྲུལ་རིག་ལག་རྩལ་བ་བཅས་དང་མཇལ་མོལ་གནང་རྒྱུ་ཡིན་འདུག Seattle ཁུལ་གྱི་འཚམས་གཟིགས་ཟིན་རྗེས་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་རྒྱུ་ཡིན་པ་རེད། ཨ་མི་རི་ཀའི་གཞུང་དང་ཚོང་པ་ཚོས་འཛམ་གླིང་ནང་གི་དཔལ་འབྱོར་ཆེ་ཤོས་ཨང་གཉིས་པ་རྒྱ་ནག་དང་མཉམ་དུ་ཚོང་ལས་རྒྱ་སྐྱེད་གཏོང་རྒྱུའི་དམིགས་ཡུལ་བཟུང་བཞིན་ཡོད་ཅིང་། དེ་དང་དུས་མཚུངས་ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གིས་ཨ་མི་རི་ཀའི་དྲ་ལམ་ཐོག་སོ་ཉུལ་གྱི་ལས་དོན་ཚབས་ཆེ་སྤེལ་བཞིན་པ་དང་། ཨ་མི་རི་ཀའི་སྒྱུ་རྩལ་དང་འཕྲུལ་རིག་མཁས་པའི་ལག་རྩལ་ཁྲིམས་མཐུན་མིན་པའི་ཐོག་ནས་བེད་སྤྱོད་བྱེད་བཞིན་པ། རྒྱ་ནག་ནང་དྲ་རྒྱ་བཀག་འགོག་བྱེད་པ་དང་། ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་གི་ནང་འཛུགས་བསྐྲུན་གྱི་ལས་གཞི་སྤེལ་བཞིན་པ་ སོགས་ཀྱི་ཐད་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་འདོན་རྒྱུ་ཡིན་པའི་ཚོད་དཔག་ བྱེད་བཞིན་ཡོད་པ་རེད། ཡིན་ན་ཡང་ད་རེས་རྒྱ་ནག་གི་སྲིད་འཛིན་གྱི་ཨ་རིའི་གཞུང་འབྲེལ་འཚམས་གཟིགས་འདིའི་སྐབས་ཆབ་སྲིད་ཀྱི་གལ་ཆེའི་གནད་དོན་གང་གི་ཐད་ལ་ཡང་ཐག་གཅོད་ཡོང་རྒྱུའི་ཚོད་དཔག་བྱེད་ཀྱི་མེད་པ་རེད།
གཟའ་མིག་དམར་ཕྱི་དྲོར་ཞི་ཅིན་ཕིང་ལ་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་ལམ་ཚོགས་ཆུང་དང་ཨ་མི་རི་ཀ་དང་རྒྱ་ནག་ཚོང་དོན་ལྷན་ཚོགས་ཐོུང་ནས་གོ་སྒྲིག་བྱེད་པའི་གསོལ་སྟོན་ཞིག་བཤམ་རྒྱུ་ཡིན་འདུག་ཅིང་། གསོལ་སྟོན་དེའི་ཐོག་ཚོང་པ་གྲགས་ཅན་མང་པོ་ཞིག་དང་རྒྱ་ནག་གི་གྲོགས་པོ་ནིཀ་སོན་སྐབས་ཀྱི་ཨ་རིའི་ཕྱི་སྲིད་དྲུང་ཆེ་ Henry Kissinger སོགས་ཡོང་རྒྱུ་ཡིན་འདུག དེ་བཞིན་འཛམ་གླིང་ནང་གི་མི་འབྱོར་པ་ཆེ་ཤོས་གྲས་ Microsoft ཁེ་གཉེར་ལས་ཁང་གི་གཙོ་བདག་Bill Gates དང་ཟུར་དུ་མཇལ་མོལ་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༤ གཟའ་ཕུར་བུའི་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་འབྱོར་རྒྱུ་དང་ཨ་མི་རི་ཀའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་རྒྱལ་ཁབ་ཀྱི་གསོལ་སྟོན་བཤམ་རྒྱུ་ཡིན་འདུག ཕྱི་ཚེས་ ༢༥ ཉིན་ཕོ་བྲང་དཀར་པོའི་ལྡུམ་རྭའི་ནང་རྒྱ་ནག་གི་སྲིད་འཛིན་ལ་མེ་སྒྱོགས་ཉི་ཤུ་རྩ་གཅིག་གི་ཆེ་བསྟོད་ཐོག་ཨ་མི་རི་ཀའི་སྲིད་འཛིན་དང་ལྷན་དུ་ཟུང་འབྲེལ་གྱི་གསར་འགོད་ལྷན་ཚོགས་ཤིག་གནང་རྒྱུ་ཡིན་འདུག དེ་རྗེས་ཨ་རིའི་གྲོས་ཚོགས་ཀྱི་གནས་ཡོད་འཐུས་མི་ཁག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད། ཕྱི་ཚེས་ ༢༦ ཉིན་རྒྱ་ནག་གི་སྲིད་འཛིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་ཕེབས་ཐོན་གནང་རྒྱུ་ཡིན་འདུག།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།