ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོའི་ངོས་ནས་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་གནང་འདུག

ཨ་མི་རི་ཀའི་སྲིད་འཛིན་ལས་ཁུངས་ཕོ་བྲང་དཀར་པོས་གཞུང་འབྲེལ་ལམ་སྲོལ་རྒྱུན་བསྐྱངས་ཏེ་ལོ་ངོ་བཞི་བསྟུད་མར་ནང་པའི་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་ཞུས་གནང་ཡོད་པ་དང་། ད་ལོ་སྤྱི་ཟླ་༥བའི་ཚེས་༢༣སྟེ་ས་ག་ཟླ་བའི་ཚེས་ཆེན་༡༥ཉིན་ཕོ་བྲང་དཀར་པོའི་ཚོགས་ཁང་ཞིག་གི་ནང་སྐུ་མགྲོན་གཙོ་བོ་ཨ་རིའི་སྲིད་འཛིན་གཞོན་པའི་སྐུ་ཟླ་(Douglas Emhoff)་དབུ་བཞུགས་ཐོག་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་ཞུས་གནང་ཡོད་པ་རེད། དེ་འབྲེལ་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་མཆོག་གིས་ཡོངས་ཁྱབ་གསུངས་འཕྲིན་གནང་བའི་ནང་། ང་དང་སྐུ་ཟླ་(Jill)་གཉིས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་སྐར་དང་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་དུས་ཆེན་ཉིན་མོར། ཨ་རི་དང་འཛམ་གླིང་ཡོངས་སུ་ཡོད་པའི་ནང་པ་རྣམས་ལ་འཚམས་འདྲི་ཞུ་བཞིན་ཡོད། ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་རིང་ལ་སངས་རྒྱས་ཀྱི་རྗེས་འབྲངས་པ་ནང་པ་ཚོས་ང་ཚོ་ཐུན་མོང་ལ་དབང་བའི་འཛམ་གླིང་འདི་ཕུན་སུམ་ཇེ་ཚོགས་དང་སྟོབས་ཤུགས་ཇེ་ཆེར་བཏང་ཡོད། ཨ་རིའི་ནང་དུ་ཡོད་པའི་ནང་པ་ཚོས་ང་ཚོའི་སྤྱི་ཚོགས་དང་རྒྱལ་ཁབ་ལ་ལེགས་བཅོས་ཀྱི་ཞབས་འདེབས་ཞུ་བཞིན་ཡོད། དེ་བས་ང་ཚོ་ཚང་མས་མཉམ་དུ་ཞི་བདེ་དང་དྲང་བདེན་དོན་དུ་གཉེར་བཞིན་འབྱུང་འགྱུར་གྱི་མི་ཚེ་དོན་དང་ལྡན་པ་བྱ་དགོས་པ་གསུངས་འདུག
ཕོ་བྲང་དཀར་པོའི་མཛད་སྒོ་དེར་བོད་བརྒྱུད་ནང་པའི་སྐུ་ཚབ་མི་སྣ་ཁག་ཅིག་ཕེབས་ཡོད་པའི་ཁྲོད་གཅིག་ནི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་ལགས་ཡིན་པ་དང་། ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཨ་རི་ལྟ་བུའི་སྟོབས་ཆེན་མང་གཙོའི་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ནང་ནང་པའི་དུས་ཆེན་གཙོ་གྲས་ས་ག་ཟླ་བའི་དུས་ཆེན་ལ་མཉམ་ཞུགས་ཐུབ་པ་འདི་གལ་གནད་ཆེན་པོ་ལ་བརྩི་བཞིན་ཡོད། ད་དུང་ནང་པའི་སྐུ་ཚབ་མང་པོ་མཉམ་འཛོམས་ཀྱི་མཛད་སྒོ་འདི་བརྒྱུད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་རྣམས་ཁྱབ་སྤེལ་བྱེད་པའི་གོ་སྐབས་ཤིག་ཀྱང་ཡིན་པ་ངོ་སྤྲོད་གནང་བྱུང་།
ཕོ་བྲང་དཀར་པོའི་ནང་གི་ས་ག་ཟླ་བའི་དུས་ཆེན་མཛད་སྒོར་དེར་རྒྱ་གར་དང་། བལ་ཡུལ། བྷང་ལ་དྷེ་ཤེ། ཁེམ་བྷོ་ཌི་ཡ། ཨིན་ཌོ་ནེ་ཤེ་ཡ། ཐེ་ལན་ཌི། སིངྒ་པུར། སོག་པོ། ལའོ་སི་སོགས་ནང་པའི་རྒྱལ་ཁབ་དང་ཡུལ་ལུང་ཁག་གི་སྐུ་ཚབ་མང་པོ་མཉམ་ཞུགས་གནང་ཡོད་པ་དང་། མཛད་སྒོ་དེ་གཙོ་བོ་ཨ་མི་རི་ཀའི་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱིས་གོ་སྒྲིག་གནང་བཞིན་པ་ཡིན་འདུག
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།