རྒྱ་ནག་གཞུང་ནས་ཤིན་ཅང་དུ་དམ་བསྒྲགས་ཆེ་རུ་གཏོང་འཆར།
2008.09.17
༄༅༎རྒྱ་མིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་ནང་གི་རྒྱ་ནག་དམར་ཤོག་ཚོགས་པའི་གཙོ་འཛིན་གྱིས་ས་གནས་དེའི་ནང་ཡོད་པའི་རྒྱ་ནག་གི་དགྲ་ཡར་རྒོལ་རྡུང་གཏོང་རྒྱུའི་ཁས་ལེན་བྱས་པ་དང་སྦྲགས་ ས་གནས་དེའི་ནང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་བརྗོད་འདུག
ཤིན་ཅང་ནང་གི་རྒྱ་ནག་དམར་ཤོག་ཚོགས་པའི་གཙོ་འཛིན་དང་ལངས་ཕྱོགས་མཁྲེགས་བཟུང་བ་ལྦང་ལེ་ཆོན་ནས་ཤིན་ཅང་ནང་གི་ཡུ་གུར་ཁ་ཆེའི་མི་རིགས་ཡིན་པའི་ཁ་བྲལ་རིང་ལུགས་པ་རྩ་མེད་བཟོ་ཕྱིར་དྲིལ་བསྒྲགས་ལས་འགུལ་ཤུགས་ཆེ་སྤེལ་དགོས་པ་དང་འདི་ལོའི་དགུན་ཁའི་དུས་དང་ལོ་རྗེས་མའི་དཔྱིད་ཀའི་དུས་སུ་ཤིན་ཅང་གི་མངའ་ཁུལ་ཡོངས་རྫོགས་ནང་ཁ་བྲལ་རིང་ལུགས་ལ་འགོག་རྒོལ་བྱེད་ཕྱིར་སློབ་གསོའི་ལས་འགུལ་སྤེལ་རྒྱུ་དང་ཡུ་གུར་ཁ་ཆེའི་ཕྲུ་གུ་ཚོར་རྒྱ་མིའི་སྐད་ཡིག་བསླབ་ནས་ས་གནས་དེ་རྒྱ་ནག་གི་ངོ་བོ་ལྡན་པ་དང་རྒྱ་མིའི་རིག་གཞུང་གི་ངོ་བོར་བསྒྱུར་རྒྱུ་ཡིན་སྐོར་ཁ་ས་རྒྱལ་ས་བེ་ཅིང་ནང་འཚོགས་པའི་ཚོགས་འདུ་ཞིག་གི་ཐོག་བརྗོད་ལུགས་དེ་རིང་ཤིན་ཅང་ཉིན་རེའི་གསར་ཤོག་གིས་གནས་ཚུལ་སྤེལ་འདུག བེ་ཅིང་ཨོ་ལིམ་པིག་རྩེད་འགྲན་སྐབས་དང་དེའི་གོང་ལ་ཤིན་ཅང་ནང་རྒྱ་མིའི་ཉེན་རྟོག་པའི་ཐོག་རྒོལ་རྡུང་ཚབས་ཆེ་བཏང་བའི་དོན་རྐྱེན་འགའ་ཤས་བྱུང་ཡོད་པ་རེད་ རྒྱ་མིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་དེ་བཞིན་ཡུ་གུར་ཁ་ཆེའི་མི་རིགས་ཀྱི་ལུང་པ་ཞིག་ཡིན་རུང་ ས་གནས་དེའི་ཁྱོན་བསྡོམས་མི་འབོར་ནང་ནས་མི་འབོར་ཕྱེད་ཀ་མིན་ཙམ་ཡུ་གུར་ཁ་ཆེའི་མི་རིགས་ས་ཡ་བརྒྱད་ཙམ་ཡོད་པ་དང་དེ་མིན་ཡུལ་དེའི་ནང་གཞི་སྤོ་བྱས་པའི་རྒྱ་ཧན་མི་རིགས་ཡིན་པ་རེད།