རྒྱ་ནག་སྲིད་འཛིན་དང་ཐེ་དབན་སྲིད་འཛིན་མཇལ་འཕྲད་གནང་ཡོད་པ།
2015.11.07

༄༅། །ཕྱི་ཟླ་བཅུ་གཅིག་པའི་ཚེས་༧ཉིན་སེང་ག་ཕོར་རྒྱ་ནག་གི་སྲིད་འཛིན་ཞིའི་ཅིང་ཕིང་དང་ ཐེ་དབན་གྱི་སྲིད་འཛིན་མའ་དབྱིང་ཇའུ་རྣམ་གཉིས་མཇལ་འཕྲད་གནང་སྟེ། ཞིའི་ཅིང་ཕིང་གིས་གཏམ་བཤད་ནང་མཚོ་འགག་ཕན་ཚུན་གཉིས་ཀྱིས་༡༩༩༢ལོའི་གྲོས་མཐུན་མུ་མཐུད་གནས་
ཐབས་ཆེད་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་བཏང་སྟེ་ས་གནས་ནང་དར་རྒྱས་ཕུན་གསུམ་ཚོགས་པ་དང་བདེ་བརྟན་ལྷིང་ཡོང་རྒྱུར་ཐུན་མོང་གིས་འབད་བརྩོན་བྱ་དགོས་ལུགས་གསུངས་ཡོད་པ་དང་། དེ་རྗེས་ཐེ་དབན་གྱི་སྲིད་འཛིན་མའ་དབྱིང་ཇའུ་ཡིས་གཏམ་བཤད་སྤེལ་གནང་བའི་སྐབས་འདོད་ཚུལ་དོན་ཚན་ལྔ་བཏོན་གནང་ཡོད་པའི་ནང་། མཚོ་འགག་ཕན་ཚུན་གྱི་ཐུན་མོང་གི་གྲོས་མཐུན་སྲ་བརྟན་བཏང་ནས་ཕན་ཚུན་དབར་དགྲ་ཁ་གཏད་ཀྱི་རྣམ་པ་ཆུང་ངུ་གཏོང་རྒྱུ། ཕྱོགས་གཉིས་དབར་གྱི་འབྲེལ་ལམ་རྒྱ་ཆེ་རུ་བཏང་རྒྱུ་མ་ཟད་ཟབ་ཏུ་གཏོང་རྒྱུ། མཚོ་འགག་ཕན་ཚུན་དབར་མཉམ་ལས་ཀྱིས་ཀྲུང་ཧྭ་དར་སྤེལ་གཏོང་རྒྱུ་བཅས་གསུངས་ཡོད་པ་རེད། ཐེ་དབན་གྱི་སྲིད་འཛིན་མའ་དབྱིང་ཇའུ་ཡིས་ཁོང་གིས་འདོད་ཚུལ་དོན་ཚན་ལྔ་བཏོན་དགོས་པའི་རྒྱུ་མཚན་ནི། མི་རབས་རྗེས་མའི་བདེ་སྐྱིད་ཀྱི་ཆེད་དུ་ཡིན་པའི་སྐོར་གསལ་བཤད་ཡང་གནང་འདུག དཔོན་རིགས་རྣམ་གཉིས་དབར་མཇལ་མོལ་གྲུབ་རྗེས་ཕྱོགས་སོ་སོས་གསར་འགོད་ལྷན་ཚོགས་གནང་སྟེ་གནས་ཚུལ་ངོ་སྤྲོད་བྱས་ཡོད་པ་དང་། ཐེ་དབན་གྱི་སྲིད་འཛིན་མའ་དབྱིང་ཇའུ་ཡིས་གསར་འགོད་ལྷན་ཚོགས་ཐོག ད་རེས་རྒྱ་ནག་གི་སྲིད་འཛིན་ཞིའི་ཅིང་ཕིང་དང་མཇལ་མོལ་གནང་བའི་སྐབས། ཕན་ཚུན་དབར་མཐུན་པོ་དང་ཞིའི་ཅིང་ཕིང་གི་རྣམ་འགྱུར་ཡང་དངོས་དོན་གཉེར་མཁན་ཞིག་ཡིན་པ་ཤེས་རྟོགས་བྱུང་ལུགས་གསུངས་ཡོད་པ་དང་། དེ་བཞིན་ཐེ་དབན་རྒྱལ་སྤྱིའི་སྡིངས་ཆའི་སྟེང་མཉམ་བཞུགས་ལས་དོན་ཁག་ལ་རྒྱ་ནག་གཞུང་གིས་འགོག་རྐྱེན་བཟོ་རྒྱུ་མཚམས་འཇོག་གནང་རྒྱུ་དང་། དེ་བཞིན་རྒྱ་ནག་གིས་ཐེ་དབན་ཕྱོགས་སུ་ཁ་གཏད་ནས་བཞག་པའི་མེ་ཤུགས་’འཕུར་མདེལ་ཕྱིར་བསྡུ་བྱ་རྒྱུ་སོགས་ཐེ་དབན་མི་མང་གིས་སེམས་ཁུར་བྱེད་སའི་གནད་དོན་ཁག་ཅིག་བཏོན་ཡོད་པ་དང་། དེ་ཚོའི་ཐོག་ཞིའི་ཅིང་ཕིང་གིས་རྒྱ་ནག་གཅིག་དང་ཐེ་དབན་གཅིག་གི་མིང་དོན་མེད་པའི་ཆ་རྐྱེན་འོག་ཐེ་དབན་རྒྱལ་སྤྱིའི་ལས་དོན་ཁག་ནང་མཉམ་ཞུགས་བྱ་རྒྱུའི་གནད་དོན་ཁག་ལ་བསམ་ཞིབ་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་ཐེ་དབན་ཕྱོགས་སུ་ཁ་གཏད་ནས་བཞག་པའི་མེ་ཤུགས་ཕུར་མདེལ་དེ་རིགས་ཐེ་དབན་ལ་དམིགས་པ་ཞིག་མིན་ལུགས་ལན་འདེབས་གནང་བའི་སྐོར་སོགས་སྲིད་འཛིན་མའ་དབྱིང་ཇའུ་ཡིས་གསར་འགོད་ལྷན་ཚོགས་ཐོག་འགྲེལ་བརྗོད་གནང་འདུག།
གསར་འགོད་པ་འཆི་མེད།
འབྲེལ་ཡོད་གནས་ཚུལ་གཤམ་ལ་དེ་རིང་གི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་དུ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས་ལགས་ཀྱིས་འབྲེལ་ཡོད་མི་སྣ་དང་ལྷན་དུ་གླེང་མོལ་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།