དཀའ་ངལ་མིའི་སེམས་ཀྱིས་བཟོས་པ་ལས་འཕྲུལ་ཆས་མ་རེད།
2014.04.12

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་མང་ཆེ་བ་སེམས་དང་བསམ་པའི་འཁྱེར་གསོ་དང་འབྲེལ་བ་ཆགས་ཡོད་པ། ཉེ་ཧོང་གི་རྒྱལ་ས་རྙིང་པ་ཀྱོའོ་རྡོ་གཙུག་ལག་སློབ་གྲྭའི་ཀོ་ཀོ་རོ་ཉམས་ཞིབ་ཚན་པ་དང་ཨ་མི་རི་ཀའི་ནང་རྟེན་གཞི་བྱེད་པའི་སེམས་དང་སྲོག་ལྟེ་གནས་ཁང་ཐོུང་ནས་གོ་སྒྲིག་ཞུས་པའི་སེམས་ཀྱི་ས་ཁྲ་ཞེས་པའི་བརྗོད་གཞིའི་ཐད་ཀྱི་ནང་པ་དང་ཚན་རིག་མཁས་པའི་དབར་གྱི་བགྲོ་གླེང་གི་ཚོགས་འདུའི་ཐོག་ཚེས་ ༡༡ ཉིན་བཀའ་གནང་འདུག།
ཕྱི་ཚེས་ ༡༡ དང་ ༡༢ ཉིན་གྲངས་གཉིས་རིང་ཚུགས་པའི་ལྷན་ཚོགས་དེའི་སྐབས་གཙོ་བོ་ནང་པའི་ངོས་ནས་སེམས་དང་ཚོར་མྱོང་སོགས་སེམས་ཀྱི་བྱེད་ལས་ངོས་བཟུང་ཕྱོགས་དང་། ཚན་རིག་པ་ཚོས་ཚོར་མྱོང་བདེ་སྡུག་བཏང་སྙོམས་ཀྱི་གཞན་དབང་དུ་གྱུར་བའི་སྐབས་ཀླད་པའི་བྱེད་ལས་ལ་འགྱུར་བ་ཇི་ཐེབས་དང་། དེ་བཞིན་ཚོར་མྱོང་དེ་དག་དང་ལུས་ཀྱི་འཕྲོད་བསྟེན་གྱི་འབྲེལ་བའི་ཐད་ཞིབ་འཇུག་བྱས་པའི་གྲུབ་ཐོ་སོགས་ཀྱི་ཐོག་བགྲོ་གླེང་གནང་འདུག། ནུབ་ཕྱོགས་ཀླད་པ་དང་རྩ་ཁམས་ཚན་རིག་པ་གྲགས་ཅན་ཨི་རི་བ་སློབ་དཔོན་རི་ཆརཌ་ ཌེ་ཝིཌ་སོན་གྱིས་མིའི་གཞི་རྩའི་རང་བཞིན་བཟང་པོ་ཡིན་པ་ནི་ཕྲུ་གུ་མ་སྦྱར་བར་རྟགས་དཔྱད་བྱས་སྐབས་རང་བཞིན་གྱིས་བྱིས་པ་དེ་དག་ལ་བཟང་པོའི་ཕྱོགས་སུ་བློའི་བགས་ཆགས་ཤུགས་ཆེ་བ་ཡོང་གི་ཡོད་པ་གསུངས་འདུག་ལ། ད་དུང་ཁོང་གིས་སེམས་ཀྱི་སྦྱོང་བརྡར་གྱི་ཐོག་ནས་ཀླད་པའི་ཁམས་ལ་འགྱུར་བ་འགྲོ་ངེས་ཡིན་པར་མ་ཟད། ལུས་པོའི་རིགས་རྒྱུན་རྐྱེན་ཕྲེང་ལ་ཡང་འགྱུར་བ་འགྲོ་གི་ཡོད་པ་ར་འཕྲོད་བྱུང་བ་གསུངས་འདུག།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་ཆོས་ནང་སེམས་ཀྱི་རྣམ་བཞག་ཧ་ཅང་གི་ཞིབ་ཚགས་པོ་གསུངས་པ་དེའི་དགོས་དོན་གཙོ་བོ་ནི་སེམས་ལ་བཟོ་བཅོས་བཏང་སྟེ་མི་བཟང་པོ་ཞིག་བཟོ་ཐབས་དེ་ཡིན་པ་རེད་ཅེས་དང་། འཛམ་གླིང་སྤྱི་དང་གང་ཟག་སྒེར་སོ་སོར་འཕྲད་བཞིན་པའི་མི་གསོད་ཁྲག་སྦྱོར་དང་དམག་འཁྲུག། མུ་གེ་དང་དབུལ་ཕྱུགས་བར་ཁྱད། ལྐོག་ཟ་རུལ་སུངས་དང་གཞན་ལ་བརྙས་བྱེད་པ་ལ་སོགས་པ་རྙོག་ཁྲ་ཡོངས་རྫོགས་མིའི་སེམས་བརྒྱུད་མ་དུལ་བ་ལ་བརྟེན་ནས་བྱུང་བ་ཡིན་པ་ལས་འཕྲུལ་ཆས་ཀྱིས་བཟོས་པ་མིན་པ་བཀའ་གནང་པ་དང་། དེར་བརྟེན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། མི་ཚོས་བསམ་བློའི་བྱེད་ལས་ཀྱི་ཐད་དོ་སྣང་མ་བྱས་པ་ཡིན་ན་ཤེས་བྱ་ཡོན་ཏན་ཇི་ཙམ་ཡོད་ཀྱང་རྙོག་ཁྲ་སྣོན་མ་བཟོ་མཁན་ཞིག་ཏུ་གྱུར་སྲིད་པ་བཀའ་གནང་འདུག།
གསར་འགོད་པ། སྐལ་ལྡན་བློ་གྲོས།