རྒྱ་ནག་ལ་གདོང་ལེན་ཆེད་ཉི་ཧོང་དང་ཧྥི་ལི་ཕིན་གཉིས་ཀྱིས་དམག་དོན་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ།

ཕྱི་ཟླ་ ༢ ཚེས་ ༢༥ ཉིན། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཉི་ཧོང་དང་ཧྥི་ལི་ཕིན་ (Philippines) གཉིས་ཀྱིས་རྒྱ་ནག་གཞུང་གི་རྒྱ་བསྐྱེད་རིང་ལུགས་ཀྱི་དབང་ཤུགས་ཆེ་རུ་འགྲོ་བཞིན་པ་དང་བསྟུན། དེར་གདོང་ལེན་ཆེད་དམག་དོན་མཉམ་ལས་ཤུགས་ཆེ་རུ་གཏོང་རྒྱུའི་མོས་མཐུན་ལ་མིང་རྟགས་བཀོད་ཡོད་པ་དང་། ཕྱི་ཚེས་ ༢༤ ཉིན་ཉི་འོང་གི་རྒྱལ་སྲུང་བློན་ཆེན་དང་ཧྥི་ལི་ཕིན་གྱི་རྒྱལ་སྲུང་དྲུང་ཆེ་གཉིས་ཐུག་འཕྲད་དང་འབྲེལ། མ་འོངས་པར་ཉི་ཧོང་དང་ཧྥི་ལི་ཕིན་གྱི་དམག་དཔུང་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མོལ་དང་། རྒྱལ་སྲུང་གོ་མཚོན་དང་འཕྲུལ་ལས་མཉམ་འབྲེལ་གྱི་ཆེས་མཐོའི་སྒྲོམ་གཞི་ཞིག་འཛུགས་རྒྱུར་མོས་མཐུན་བྱུང་ཡོད་ཅེས་བསྒྲགས་འདུག
ཕྱི་ཚེས་ ༢༤ ཉིན་ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་ (Gen Nakatani) ཧྥི་ལི་ཕིན་དུ་ཆེད་ཕེབས་དང་འབྲེལ། ཉིན་གྲངས་གཉིས་རིང་གི་གཟིགས་སྐོར་རྗེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སྐབས། ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་གྱིས་ཕྱོགས་གཉིས་ཀྱི་ས་ཁུལ་བརྟན་སྲུང་དང་ཞི་ འཇགས་ཡོང་ཆེད། རྒྱལ་སྲུང་བློན་ཆེན་གཉིས་ཀྱི་བར་མཉམ་ལས་ཀྱི་ལས་དོན་མང་དག་ཅིག་ལ་མོས་མཐུན་བྱུང་ཡོད་པ་སོགས་བསྒྲགས་འདུག་ལ། དེ་བཞིན་ཧྥི་ལི་ཕིན་གྱི་རྒྱལ་སྲུང་དྲུང་ཆེའི་ངོས་ནས། རྒྱ་ནག་དང་རྒྱལ་ཁབ་གཞན་དག་གིས་རྒྱལ་སྤྱིའི་སྒྲིག་སྲོལ་དང་ལམ་ལུགས་ལ་རྩིས་མེད་བསྒྱུར་བཅོས་བྱེད་བཞིན་པ་བཅས་འགོག་རྒོལ་ཆེད། ཉི་ཧོང་དང་ཧྥི་ལི་ཕིན་གཉིས་ཀྱིས་ཐུན་མོང་གི་དམིགས་ཡུལ་ཆེད་མཉམ་ལས་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་འདུག
འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གི་དམག་དཔུང་གིས་ཉི་ཧོང་དང་ཧྥི་ལི་ཕིན་གཙོས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ། རྒྱ་མཚོའི་བདག་དབང་དང་གླིང་ཕྲན་ཁག་གི་བདག་དབང་རྒྱ་ནག་ལ་ཡོད་སྐོར་བརྗོད་ནས། ཡུལ་དེ་དག་གི་ནང་དམག་དཔུང་གིས་སུན་གཙེར་དང་རྙོག་ཟིང་ལངས་པ་སོགས་ཀྱི་གནས་ཚུལ་རིམ་པར་འབྱུང་བཞིན་ཡོད་པ་རེད་ལ། ཡུལ་དེའི་མངའ་ཁུལ་གྱི་རྒྱལ་ཁབ་མང་ཆེ་བས་རྒྱ་ནག་གི་བཙན་འཛུལ་རྒྱ་བསྐྱེད་ལ་གདོང་ལེན་བྱེད་ཐབས་སུ། ཉི་ཧོང་དང་ཧྥི་ལི་ཕིན། ཐེ་ཝན་ཕྱོགས་ནས་ཨ་རི་དང་འབྲེལ་ལམ་བྱེད་ཐབས་བྱེད་བཞིན་ཡོད་པ་རེད།།
གསར་འགོད་པ། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།