ཧྥེ་ལིབ་པིན་སི་ཡིས་རྒྱ་ནག་གི་བྱ་སྤྱོད་ལ་བརྟེན་ནས་ཕྱི་འབྲེལ་དང་རྒྱལ་སྲུང་གི་ནུས་པ་གོང་འཕེལ་གཏོང་རྒྱུ་ཡིན་འདུག
དེ་ཡང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་བྱ་སྤྱོད་ཐོག་ལ་ཧྥེ་ལིབ་པིན་སི་(Philippines)་གཞུང་གིས་ཁ་གཏད་གདོང་ལེན་གྱི་བྱ་ཐབས་འཛིན་རྒྱུར། རྒྱལ་སྲུང་ཀྱི་ནུས་པ་གོང་འཕེལ་གཏོང་རྒྱུ་དང་ཆབས་ཅིག་རྩོད་གཞིའི་དཀའ་ངལ་དེ་སེལ་ཐབས་ལ་ཕྱོགས་ཡོངས་ཀྱི་ཕྱི་འབྲེལ་འབྲེལ་ལམ་གོང་འཕེལ་གཏོང་རྒྱུ་ཡིན་ལུགས་ཕྱི་ཟླ་བཞི་པའི་ཚེས་༡རེས་གཟའ་ཟླ་བའི་ཉིན་(Philippines)་ཡི་རྒྱལ་སྲུང་དཔོན་རིགས་ཤིག་གིས་གསུངས་ཡོད་པ་རེད་འདུག
ཧྥེ་ལིབ་པིན་སི་ཡི་སྲིད་འཛིན་(Ferdinand Marcos Jr)་ལགས་ཀྱིས་གཟའ་འཁོར་སྔོན་མ་དེར། རྒྱ་ནག་གི་མཚོ་ཁ་སྲུང་དམག་གིས་ལྷོ་རྒྱ་ནག་གི་རྒྱ་མཚོའི་ནང་ཉེན་ཚབས་ཆེ་བའི་རྒོལ་རྡུང་དང་བཙན་འཛུལ། བཙན་དབང་། ཁྲིམས་འགལ་བཅས་ཀྱི་ཐོག་ནས་ལྷོ་རྒྱ་ནག་གི་རྒྱ་མཚོའི་གནས་སྟངས་ཛ་དྲག་ཏུ་གཏོང་བའི་བྱ་སྤྱོད་ཐད་ཧྥེ་ལིབ་པིན་སི་གཞུང་གིས་ཁ་གཏད་གདོང་ལེན་གྱི་བྱ་ཐབས་ལག་བསྟར་བྱ་རྒྱུ་ཡིན་ལུགས་གསུངས་འདུག
དེའི་ཐད་ཧྥེ་ལིབ་པིན་སི་རྒྱལ་ཡོངས་སྲུང་སྐྱོབ་ལྷན་ཁང་གི་མགྲིན་ཚབ་པ་(Jonathan Malaya)་ཞུ་བས་ཧྥེ་ལིབ་པིན་སི་གཞུང་གི་བརྙན་འཕྲིན་ནང་། ཧྥེ་ལིབ་པིན་སི་ཡི་སྲིད་འཛིན་གྱིས་གསུངས་པའི་བཀའ་མོལ་དེ་ནི་རྒྱལ་ཁབ་ཀྱི་དམག་དོན་ནུས་སྟོབས་ཤུགས་ཆེ་རུ་གཏོང་རྒྱུའི་ཐུགས་རེ་གནང་བ་ཙམ་མ་ཡིན་པར་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་ལྷན་དུ། རྒྱལ་སྲུང་གི་ནུས་པ་གོང་འཕེལ་གཏོང་རྒྱུའི་ཐུགས་རེ་གནང་བ་ཞིག་ཡིན་ལ། དེ་དང་ཆབས་ཅིག་ལྷོ་རྒྱ་ནག་གི་རྒྱ་མཚོའི་དཀའ་རྙོག་སེལ་ཐབས་ལ་ཕྱི་འབྲེལ་འབྲེལ་ལམ་གོང་འཕེལ་གཏོང་རྒྱུར་བཀའ་མོལ་ཡང་གནང་ཡོད་པ་རེད་ཅེས་གསུངས་འདུག
ད་དུང་ཕྱི་ཟླ་གསུམ་པའི་ཚེས་༣༡རེས་གཟའ་ཉི་མའི་གནས་ཚུལ་ཞིག་བཏོན་པའི་ནང་། ཧྥེ་ལིབ་པིན་སི་སྲིད་འཛིན་མཆོག་གིས། ཧྥེ་ལིབ་པིན་སི་གཞུང་གི་ངོས་ནས་ལྷོ་རྒྱ་ནག་གི་རྒྱ་མཚོ་ཆ་ཚང་དང་དེའི་ནང་གི་ཞི་བདེ་སྐྲུན་ཐབས་སུ་རྒྱ་མཚོ་སྲུང་སྐྱོབ་ཀྱི་ལས་དོན་མཉམ་ལས་བྱ་རྒྱུ་གཙོས་ཚབས་ཆེའི་དཀའ་ངལ་རིམ་པར་གདོང་ལེན་བྱ་རྒྱུའི་གྲ་སྒྲིག་བྱ་དགོས་པའི་བཀོད་ཁྱབ་བཏང་ཡོད་པའི་སྐོར་བཀོད་འདུག
རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གིས་ཕྱི་ཟླ་བཞི་པའི་ཚེས་༡རེས་གཟའ་ཟླ་བའི་ཉིན། ཧྥེ་ལིབ་པིན་སི་གཞུང་གི་སྲིད་ཇུས་ཇི་འདྲ་ཡིན་རུང་རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་གི་རྒྱ་མཚོའི་བདག་དབང་རྩོད་ལེན་བྱེད་པའི་ཐོབ་ཐང་ལ་ཤུགས་རྐྱེན་གང་ཡང་བཟོ་ཐུབ་ཀྱི་མ་རེད་ཟེར་བཤད་ཡོད་པ་རེད།
རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་གི་རྒྱ་མཚོ་ཧ་ལམ་ཁྱོན་ཡོངས་ཐོག་རྒྱ་ནག་གི་བདག་དབང་ཡོད་ཁུལ་གྱི་རྩོད་ལེན་བྱེད་བཞིན་ཡོད་པ་ལྟར་། རྒྱ་ནག་སྐམ་ས་ཆེན་མོ་ནས་སྤྱི་ལེ་ཆིག་སྟོང་ལྷག་གི་སར་རྒྱ་ནག་གི་མཚོ་ཁ་སྲུང་བའི་དམག་གི་གྲུ་གཟིངས་ཀྱིས་རྒྱ་མཚོ་མཐའ་སྐོར་ཡོད་པ་རེད།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།