༧གོང་ས་མཆོག་ལྡི་ལིར་ཆིབས་བསྒྱུར་ཞབས་སོར་འཁོད་གནང་བ།


2016.12.24
༧གོང་ས་མཆོག་ལྡི་ལིར་ཆིབས་བསྒྱུར་ཞབས་སོར་འཁོད་གནང་བ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༢༤ཉིན་རྒྱ་གར་ལྷོ་ཕྱོགས་ནས་རྒྱལ་ས་ལྡི་ལིར་ཆིབས་ཐོན་མཛད་གནང་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། གསར་འགོད་པ་པདྨ་དངོས་གྲུབ།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མོན་གྷོ་འདོད་རྒུ་གླིང་ནང་གི་མཛད་ཆེན་ཁག་གཅིག་ལེགས་གྲུབ་ཀྱིས་ཕྱི་ཟླ་ ༡༢ ཚེས་ ༢༤ སྔ་ཐོག་མོན་གྷོ་འདོད་རྒུ་གླིང་ནས་ཕེབས་ཐོན་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་ཡོད་པ་རེད།
ཕྱི་ཚེས་ ༢༥ ནས་༢༧ བར་ཉིན་གྲངས་གསུམ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་འཛོམས་པའི་གཙོ་བོ་ཨུ་རུ་སུའི་རྒྱལ་ཁབ་ཀྱི་ས་ཁུལ་འདྲ་མིན་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ཆོས་འབྲེལ་གསུང་ཆོས་བསྩལ་གནང་མཛད་རྒྱུ་ཡིན་པ་རེད།
རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༡༢ ཚེས་ ༡༦ ཉིན་ཞབས་སོར་འཁོད་གནང་མཛད་པ་དང་། ཕྱི་ཚེས་ ༡༨ ནས་ ༢༠ བར་ཉིན་གྲངས་གསུམ་རིང་ཨ་རིའི་ཨེ་མོ་རི་མཐོ་རིམ་སློབ་གྲྭའི་ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་དང་དགའ་ལྡན་ཕོ་བྲང་ཡིག་ཚང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་བཅས་ནས་གོ་སྒྲིག་གནང་པའི་ལོ་ངོ་བཅུ་ཕྲག་ལྷག་རིང་རིག་གསར་ཚན་རིག་ཐོག་སློབ་སྦྱོང་གནང་མྱོང་མཁན་ནང་པའི་གཞུང་ཆེན་ཐོག་མཁས་པའི་དགེ་འདུན་པ་དང་རིག་གསར་ཚན་རིག་གི་གཞི་ཡུལ་མི་འདྲ་བའི་མཁས་དབང་གྲགས་ཅན་ཁག་དང་ལྷན་དུ་ཚོགས་པའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བགྲོ་གླེང་གི་ཚོགས་མགོན་དུ་ཞབས་སོར་འཁོད་གནང་མཛད་ཅིང་། དེ་བཞིན་གདན་ས་ཆེན་པོ་དཔལྡན་འབྲས་སྤུངས་དགོན་པ་ཕྱག་བཏབ་སྟེ་ལོ་ངོ་དྲུག་བརྒྱ་འཁོར་བའི་མཛད་སྒོའི་ཚོགས་མགོན་དང་། བོད་ཀྱི་ལོ་རྒྱུས་ནང་གི་ཐོག་མའི་དགེ་བཤེས་མ་ཉི་ཤུ་ཐམ་པར་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་གསོལ་བསྩལ་དང་བཀའ་སློབ་བསྩལ་གནང་མཛད་ཡོད་ལ། དེ་བཞིན་མོན་གྷོ་འདོད་རྒུ་གླིང་གཏན་ཉིན་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་སྟོན་གྱི་གཙོ་མགོན་དུ་ཡང་ཆིབས་བསྒྱུར་གྱིས་བཀའ་སློབ་བསྩལ་གནང་མཛད་ཡོད་པ་རེད།
ཕྱི་ཚེས་ ༢༣ སྟེ་བོད་ཟླ་བཅུ་པའི་ཚེས་ ༢༥ འདི་ནི་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་ཡོངས་སུ་གྲགས་པ་རྗེ་ཙོང་ཁ་པ་ཆེན་པོ་མཆོག་གི་དགོངས་རྫོགས་མཆོད་འབུལ་གྱི་ཉིན་དགའ་ལྡན་ཚོགས་ཆེན་དུ་འདུ་མང་ཡོངས་དང་ལྷན་དུ་རྗེ་རིན་པོ་ཆེས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་དག་སྒྲོགས་གནང་ཡོད་པ་རེད། དེ་བཞིན་བཞུགས་ཞག་རིང་ཉིན་ལྟར་སྒེར་དང་ཚོགས་པ་ཁག་ལ་མཇལ་ཁ་དང་ལྷག་པར་དུ་བོད་ནས་གསར་དུ་འབྱོར་ཏེ་མང་པོ་ཞིག་རྒྱ་ནག་གཞུང་གི་གནོན་ཤུགས་ཀྱི་འོག་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་མ་ཐུབ་པར་བོད་ནང་ཕྱིར་ལོག་དགོས་པ་ཚོར་མཇལ་ཁ་དང་བཀའ་སློབ་ལམ་སྟོན་སོགས་ཀྱི་མཛད་འཆར་ཧ་ལས་པའི་མང་པོ་ཞིག་བསྐྱངས་གནང་མཛད་ཡོད་པ་རེད།།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎