རྒྱ་ནག་གི་ཤིན་ཅང་ཟེར་བའི་ཤར་ཏུར་ཀི་སི་ཐན་དུ་དྲག་ཟིང༌།
2009.07.06
༄༅༎ཁ་ས་རྒྱ་མིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆིའི་ནང་ས་གནས་ཡུ་གུར་མི་རིགས་དང་ཉེན་རྟོག་པའི་དབར་དྲག་ཟིང་བྱུང་ནས་ད་ལྟའི་ཆར་མི་གྲངས་༡༤༠ཙམ་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་གྲངས་༨༢༨ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱི་དབྱིན་ཡིག་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་ཅིང་གོང་ཞུས་མི་ཤི་རྨས་ཀྱི་གྲངས་འབོར་དེ་བཞིན་གཟའ་ཟླ་བའི་ཉིན་ཨུ་རུམ་ཆིའི་གྲོང་ཁྱེར་སྲིད་གཞུང་གི་སྤྱི་ཁྱབ་དྲུང་ཆེ་ནས་ཕྱིར་བསྒྲགས་བྱས་པ་ཞིག་ཡིན་པ་དང་ཡིན་ནའི་དཔོན་རིགས་དེས་ཤི་རྨས་བྱུང་བའི་མི་དེ་དག་ཡུ་གུར་འམ་ཡང་ན་རྒྱ་མི་སུ་ཡིན་མིན་ཁ་གསལ་འགྲེལ་བརྗོད་བྱས་མེད་པ་རེད།
ཡིན་ན་ཡང་རྒྱ་ནག་གཞུང་འབྲེལ་གྱི་རྒྱ་ཡིག་གསར་འགྱུར་བརྒྱུད་ལམ་ཐོག་མི་ཤི་རྨས་ཀྱི་གྲངས་འབོར་ཁ་གསལ་གང་ཡང་ཕྱིར་བསྒྲགས་བྱས་མེད་པ་དང་དེ་ཚོའི་ནང་ཉེས་མེད་མི་སེར་ཁག་ཅིག་དང་དྲག་ཆས་ཉེན་རྟོག་པ་ཞིག་རྐྱེན་འདས་སུ་ཕྱིན་ལུགས་སྐོར་བཀོད་ཡོད་པའི་ཁར་དྲག་ཟིང་ནང་མོ་ཊ་༢༦༡མེར་བསྲེགས་བཏང་བ་དང་དེའི་ཁྲོད་མོ་ཊ་༡༩༠ཙམ་སྤྱི་སྤྱོད་སྣུམ་འཁོར་ཡིན་ཞིང་མོ་ཊ་བཅུ་ཙམ་བོགས་གླ་གླ་བྱེད་མོ་ཊ་ཡིན་ལུགས་དང་དེ་མིན་ཚོང་ཁང་༢༠༣དང་མང་ཚོགས་ཀྱི་སྡོད་ཁང་བཅུ་བཞི་ཙམ་མེར་བསྲེགས་བཏང་ཡོད་ལུགས་བཀོད་ཡོད་འདུག ཡིན་ནའི་སུད་ཌེན་ནང་ཡོད་པའི་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་མགྲིན་ཚབ་པས་གསུང་ན་མི་ཤི་རྨས་ཀྱི་གྲངས་འབོར་རྒྱ་ནག་གཞུང་ཕྱོགས་ཀྱིས་ཕྱིར་བསྒྲགས་བྱས་པ་ལས་ཧ་ཅང་མང་བ་ཡོད་པ་དང་ཤི་རྨས་བྱུང་བའི་མི་མང་ཆེ་བ་ཡུ་གུར་མི་རིགས་ཡིན་ལུགས་གསུང་བཞག རྒྱ་ནག་གཞུང་གིས་ད་རས་ཨུ་རུམ་ཆིའི་ནང་གི་དོན་རྐྱེན་དེ་བཞིན་རྡུང་གཅོག་འཕྲོག་གསུམ་གྱི་དྲག་ཟིང་ཡིན་ལུགས་བཤད་ཀྱི་ཡོད་པ་དང་ས་གནས་དེའི་ནང་གསར་འགྱུར་འགོད་པར་བསྐྱོད་མཁན་གྱི་ཧོང་ཀོང་གི་གསར་འགོད་པ་ཚོས་བརྗོད་དོན་ལྟར་ན་ཨུ་རུམ་ཆིའི་ནང་ཡོད་པའི་ཁ་ཆེའི་ལྷ་ཁང་ཆེ་ཤོས་ཤིག་ཡོད་པ་དེར་གཞུང་གིས་དམ་བསྒྲགས་བྱས་ཟིན་ཡོད་པ་དང་ཨུ་རུམ་ཆིའི་གནམ་ཐང་ལ་ཡང་དྲག་ཆས་ཉེན་རྟོག་དམག་མི་འཕོན་ཆེ་ཁ་སྣོན་བཏང་ཡོད་པ་རེད། དེ་མིན་གནས་ཚུལ་ཁག་ནང་གསལ་བར་གཞུང་ཕྱོགས་ནས་ས་གནས་ཀྱི་དྲ་རྒྱ་ཁག་ལ་ཡང་བཀག་སྡོམ་བྱས་ཟིན་པ་མ་ཟད་ཕྱི་རྒྱལ་དང་ཁ་པར་ཐོག་ནས་ཀྱང་འབྲེལ་བ་བྱེད་ཐུབ་ཀྱི་མེད་པ་བཀོད་འདུག