ཁེ་ཎ་ཌར་རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་དྲག་གནོན་དང་ཉེས་ཆད་ཐད་གདོང་ལེན་གནང་རྒྱུའི་ལྷན་ཚོགས་གནང་འདུག

འདི་ཟླའི་ཚེས་༡༢་ཉིན་ཁེ་ཎ་ཌའི་ཨོན་ཌེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ཨོན་ཌེ་རི་ཡོ་བོད་ཀྱི་བུད་མེད་ལྷན་ཚོགས། ཁེ་ན་ཌ་མདོ་ཁམས་ཆུ་བཞི་སྒང་དྲུག ཀྲོ་རོན་ཀྲོ་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་མཉམ་རུབ་ཀྱིས་ཁེ་ན་ཌའི་བོད་དོན་ཚོགས་ཀྱི་ཚོགས་གཙོ་ལྷ་ལུང་པ་བསམ་འཕེལ་ལགས་དང་། འགན་འཛིན་ཤེས་རབ་མཐར་ཕྱིན་ལགས། བྱེད་སྒོའི་འབྲེལ་མཐུད་པ་གཡུ་དྲུང་བསྟན་འཛིན་ལགས་བཅས་ཁེ་ཎ་ཌའི་བོད་དོན་ལྷན་ཚོགས་ཀྱི་མི་སྣ་ལྔ་དང་། ཤར་ཏུར་ཀི་སི་ཐན་གྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་པའི་མི་སྣ་། དེ་བཞིན་འབྲེལ་ཡོད་མི་སྣ་ཉི་ཤུར་ཉེ་ལམ་རྒྱ་ནག་གཞུང་གིས་དཔལ་འབྱོར་བཀག་སྡོམ་དང་ཐོངས་མཆན་མི་སྤྲོད་རྒྱུ་སོགས་ཀྱི་ཉེས་ཆད་བཀེལ་བར་གདོང་ལེན་དང་རྒྱུས་ལོན་ཆེད་གངས་ལྗོངས་ཆོས་ལྡན་གླིང་གི་མཐུན་སྒྲིལ་ཚོགས་ཁང་ནང་དུ་ལྷན་ཚོགས་ཞིག་གནང་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཆ་ཡོངས་རྫོགས་དབང་བསྒྱུར་བྱས་ནས་གཞིས་ལུས་བོད་མི་རྣམས་ལ་དམ་དྲག་དང་རང་དབང་མེད་པའི་འོག་གནས་བཞིན་ཡོད་པའི་ཐོག ཕྱི་ཕྱོགས་སུ་ཡོད་པའི་བོད་མི་ཚོར་རྒྱལ་མཚམས་བརྒལ་བའི་དྲག་གནོན་དང་དམ་དྲག་བྱས་ཀྱང་ཁེ་ན་ཌའི་བོད་དོན་ལྷན་ཚོགས་ཀྱིས་སྔར་ལས་ལྷག་པར་བོད་དོན་ཞུ་གཏུག་གནང་རྒྱུ་ཡིན་པ་བཞིན་བོད་པའི་ཚོགས་པ་དང་ཕྱི་ཕྱོགས་སུ་བཞུགས་པའི་བོད་མི་ཚོས་ནུས་པ་མཉམ་སྤུངས་བྱས་ནས་གདོང་ལེན་གནང་དགོས་པ་སོགས་གླེང་ཡོད་པ་རེད།
རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་དང་ཉེས་ཆད་བཀེལ་བར་གདོང་ལེན་གནང་གལ་ཆེ་བ་དང་། ཉེས་ཆད་བཀེལ་མིན་ལ་མ་བལྟོས་པར་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་གདོང་ལེན་གནང་རྒྱུ་ཡིན་པ་དང་། རང་དབང་ལུང་པའི་ནང་གི་བོད་མི་ཚོས་རང་གི་ལས་འགན་སྒྲུབ་རྒྱུ་གལ་ཆེན་པོ་ཡིན་པ་ཚོགས་གཙོ་ལྷ་ལུང་པ་བསམ་འཕེལ་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།

དེ་མིན་ཁེ་ཎ་ཌའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས། ཁེ་ཎ་ཌའི་ནང་གི་ཚོགས་པ་གཉིས་དང་འབྲེལ་ཡོད་མི་སྣ་ཉི་ཤུར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་ཉེས་ཆད་བཀལ་དགོས་པའི་རྒྱབ་ལྗོངས་གནས་སྟངས་དང་། དེའི་རྒྱུ་མཚན་དང་ཤུགས་རྐྱེན། དེ་མིན་རང་རེའི་སྤྱི་ཚོགས་ཀྱིས་དེར་གོ་བ་ལེན་སྟངས་ཐོག་ནས་འགྲེལ་བརྗོད་འདྲ་མིན་གནང་མཁན་བཅས་ལ་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་དང་མཉམ། མ་འོངས་པར་གནས་སྟངས་དེ་ལྟ་བུར་གདོང་ལེན་ཐུན་མོང་ནས་གནང་དགོས་པ་དང་། ལྷག་པར་དུ་ཁེ་ཎ་ཌའི་གཞུང་དང་འབྲེལ་ཡོད་ཆབ་སྲིད་མི་སྣ། དེ་མིན་དབུས་བོད་མིའི་སྒྲིག་འཛུགས། ཚོགས་སྒེར་བཅས་ནས་རྒྱབ་སྐྱོརགནང་བར་ཐུགས་རྗེ་ཆེ་ཞུས་སོང་།
བྱེད་སྒོའི་འབྲེལ་མཐུད་པ་གཡུ་དྲུང་བསྟན་འཛིན་ལགས་ཀྱིས། ཁོང་རང་བཙན་བྱོལ་དུ་ཡོང་བའི་བརྒྱུད་རིམ་དང་བོད་མིའི་རྩ་དོན་ཆེད་དུ་འཐབ་རྩོད་གང་གནང་བའི་ནང་དུ། རྒྱ་གཞུང་གི་གནོན་ཤུགས་དང་དམ་དྲག་གང་བྱས་པ་ལ་མ་བལྟོས་པར་མུ་མཐུད་དུ་བོད་དོན་ཆེད་ཕྱག་ལས་གནང་རྒྱུའི་ཆོད་སེམས་ཡོད་པ་བཞིན་བོད་མི་ཚོས་མཐུན་སྒྲིལ་དང་ནུས་པ་མཉམ་སྤུངས་གནང་དགོས་པ་བཅས་འགྲེལ་བརྗོད་གནང་སོང་།
གཞན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲི་བར་ལན་འདེབས་བྱུང་བའི་ནང་། རྒྱ་ནག་གི་ཉེས་ཆད་དེའི་ཐད་ཁེ་ཎ་ཌ་གཞུང་དང་ཉེས་ཆད་བཀེལ་བའི་མི་སྣའི་བར་བཀའ་མོལ་འགྲོ་མུས་ཡིན་པ་གསུངས་བྱུང་།
གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།