རྒྱ་ནག་གཞུང་གིས་ཁེ་ན་ཌའི་ནང་གི་བོད་དང་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་ཚོགས་པ་གཉིས་དང་འབྲེལ་ཡོད་མི་སྣ་ ༢༠ ལ་བཀག་སྡོམ་གྱི་ཉེས་ཆད་བཀལ་འདུག
ཁེ་ན་ཌའི་བོད་དོན་ཚོགས་པ་དང་ཁེ་ན་ཌའི་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པ་གཉིས་དང་འབྲེལ་ཡོད་མི་སྣ་ ༢༠ ཐོག་རྒྱ་ནག་གིས་དཔལ་འབྱོར་གྱི་དམ་དྲག་དང་ཐོངས་མཆན་བཀག་སྡོམ་བྱེད་རྒྱུའི་གསལ་བསྒྲགས་བྱས་འདུག
རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་དྲ་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཁེ་ནེ་ཌའི་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་ཚོགས་པ་དང་ཁེ་ན་ཌའི་བོད་དོན་ཚོགས་པ་གཉིས་ཀྱི་བོད་དང་ཡུ་གུར་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་དོ་འཁུར་བྱེད་མཁན་མི་སྣ་ ༢༠ ཡི་རྒྱུ་ནོར་བཀག་སྡོམ་དང་མི་སྣ་དེ་དག་རྒྱ་ནག་ནང་འཛུལ་མི་ཆོག་པའི་དམ་དྲག་བྱེད་རྒྱུ་ཡིན་ཞེས་བརྗོད་པའི་ཁར། ཕྱི་ཟླ་ ༡༢ ཚེས་ ༢༡ རེས་གཟའ་སྤེན་པ་ནས་བཀག་སྡོམ་དངོས་སུ་འགོ་འཛུགས་བྱེད་ཡོད་པ་རེད། དེའི་ཐད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། རྒྱ་ནག་གཞུང་གིས་ད་ལྟའི་ཆར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་སྤེལ་མཁན་རྣམས་ལ་བཀག་སྡོམ་དང་དམ་དྲག་སོགས་བྱེད་དགོས་དོན་ནི། རྒྱ་ནག་གཞུག་གིས་རྒྱུན་གཏན་ལྟར་ཆ་རྐྱེན་གང་རུང་འོག་བོད་པའི་རང་དབང་ལས་འགུལ་རྣམས་བོད་ཙམ་མ་ཟད་ཕྱིའི་རྒྱལ་ཁབ་ཁག་ཏུའང་བཀག་སྡོམ་དང་། ལས་འགུལ་གྱི་ནུས་པ་ཆུང་དུ་གཏོང་རྒྱུའི་འཆར་གཞི་ཞིག་རེད་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཁེ་ན་ཌའི་བོད་དོན་ཚོགས་པའི་མི་སྣ་ལྔ་ནི་ཚོགས་གཙོ་ལྷ་ལུང་པ་བསམ་འཕེལ་ལགས་དང་། ཚོགས་གཞོན་ལུའི་ས་ ཌུ་རན་ཊེ་ (Luisa Durante) ལགས། ལག་བསྟར་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས། ཚོགས་མི་ ཨེལི་ཛ་ ཝོན་ སྦཡེ་ཡར་ (Eliza Von Baeyer) ལགས་སོགས་ཡིན་པ་དང་། དེ་བཞིན་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ལག་བསྟར་འགན་འཛིན་མེཧ་མཊ་ ཊོ་ཊི་ (Mehmet Toti) ལགས་དང་ཐབས་ཇུས་དང་དྲིལ་བསྒྲགས་འགན་འཛིན་འཇསི་མིན་ ཀཡེཐི་ (Jasmine Kaith) ལགས་སོགས་མི་གྲངས་ ༡༥ ཐོག་བཀག་རྒྱ་བཏང་འདུག
ཁེ་ན་ཌའི་བོད་དོན་ཚོགས་པའི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་རྒྱ་ནག་གཞུང་གིས་བཀག་སྡོམ་བྱས་པའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་དགོངས་ཚུལ་གསུངས་པའི་ནང་། “རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དམ་བསྒྲགས་བྱས་པ་འདི་ནི་ཉེ་ཆར་ཁེ་ན་ཌས་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་བརྒྱད་ལ་དམ་བསྒྲགས་བྱས་པ་དེར་ལན་འདེབས་བྱས་པ་ཁས་ལེན་བྱས་ཡོད་ནའང་། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་ལ་དམིགས་འཛུགས་ཀྱིས་བཀག་སྡོམ་བྱས་པ་འདི་ནི་རྒྱུ་མཚན་ལྡན་པའམ། ཚུལ་མཐུན་གྱི་ལན་འདེབས་བྱས་པ། འདྲ་མཉམ་ལག་བསྟར་བྱས་པ་ཞིག་མི་མཐོང་ལ། ཁེ་ན་ཌའི་བོད་དོན་ཚོགས་པའི་ཚོགས་མིའི་ངོས་ནས་དམ་བསྒྲགས་འདི་ནི་ང་ཚོས་བོད་དོན་ཆེད་སྤེལ་བའི་ལས་དོན་ཁག་ལ་རྒྱ་ནག་གིས་ངོས་ལེན་བྱས་པར་བརྩི་ཡི་ཡོད། དམ་བསྒྲགས་འདིས་ང་ཚོས་བོད་མིའི་ཆེད་མུ་མཐུད་ལས་ཀ་བྱ་རྒྱུའི་ནུས་པ་ཤུགས་ཆེ་རུ་བཏང་པ་ཆགས་ཡོད།” ཅེས་གསུངས་བྱུང་། དེ་བཞིན་ཁེ་ན་ཌ་བོད་དོན་ཚོགས་པས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་། བོད་དོན་ཚོགས་པའི་ངོས་ནས་ཁེ་ན་ཌའི་གཞུང་ལ་རྒྱ་ནག་གིས་དམ་བསྒྲགས་བྱས་པའི་མི་སྣ་ཚོར་ཁེ་ན་ཌ་དང་དམངས་གཙོའི་སྒྲིག་འཛུགས་གཞན་གྱི་ནང་དུ་གནོད་འཚེ་མི་ཡོང་བའི་འགན་ལེན་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག
ཡང་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ཞུ་གཏུགས་ལས་འཆར་ཚོགས་པས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་། ཚོགས་པའི་ངེས་སྟོན་པ་ མེཧ་མཊ་ ཊོ་ཊི་ (Mehmet Toti) ཡིས། “དམ་བསྒྲགས་དེ་དག་ང་ཚོས་ཆེ་མཐོང་གི་རྟགས་མ་ཞིག་ལྟར་ངོས་ལེན་བྱེད་ཀྱི་ཡོད། དེ་དག་གིས་ང་ཚོར་འགོག་རྐྱེན་མི་བཟོ་བ་མ་ཟད། ད་དུང་ང་ཚོའི་སེམས་ཤུགས་སྔར་ལས་ཆེ་རུ་གཏོང་གི་ཡོད། འདིས་ང་ཚོ་ལམ་ཡང་དག་ཅིག་གི་ཐོག་སྐྱོད་བཞིན་ཡོད་པ་ར་སྤྲོད་བྱེད་པ་རེད་ཅེས་གསུངས་འདུག
རྒྱ་ནག་གིས་ཁེ་ན་ཌའི་ནང་གི་བོད་དང་ཡུ་གུར་གྱི་ལས་དོན་ཚོགས་པ་དང་མི་སྣར་ཉེས་ཆད་བཀལ་པ་འདི་ནི་ཉེ་སྔོན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཁེ་ན་ཌ་གཞུང་གིས་ད་ལྟ་དང་དེ་སྔ་ཤིན་ཅང་དང་བོད་ནང་གི་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་བྱེད་མྱོང་མཁན་ ཁྲན་ཆོན་ཀོ་དང་ད་ལྟ་ལྐོག་ཟ་རུལ་སུངས་ཐོག་ལས་གནས་ནས་ཕྱིར་ཕུད་བཏང་བའི་ ཝུ་ཡིན་ཇི་ སོགས་དཔོན་རིགས་ཁག་ཅིག་གི་ཁེ་ན་ཌའི་ནང་གི་རྒྱུ་དངོས་བཀག་སྡོམ་དང་ཁེ་ན་ཌའི་ནང་ཡོང་མི་ཆོག་པའི་ཐོངས་མཆན་བཀག་སྡོམ་གྱི་བཀའ་རྒྱ་བཏང་བ་དེར་འཁོན་ལན་སློག་པ་ཡིན་པ་གནད་དོན་དབྱེ་ཞིབ་པས་ངོས་འཛིན་བྱེད་བཞིན་འདུག
གོང་ཞུས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་རྒྱ་ནག་གཞུང་གིས་བོད་ནང་བོད་པའི་བྱིས་པ་ཚོ་ཕ་མ་དང་ཁ་བྲལ་བཅུག་ནས་བཅའ་སྡོད་སློབ་གྲྭའི་ནང་བཀག་ཉར་བྱེད་བཞིན་པའི་གནད་དོན་གཙོས་པའི་བོད་ཡིག་བོད་སྐད་ཉམས་ཆག་གཏོང་བཞིན་པའི་གནད་དོན་དང་། དེ་བཞིན་ཡུ་གུ་མི་རིགས་ས་ཡ་མང་པོ་ངལ་རྩོལ་བསྒྱུར་བཀོད་རྭ་བའི་ནང་བཙན་འཁྲིད་དང་བཀག་ཉར་བྱེད་བཞིན་པའི་གནད་དོན་བཅས་ཀྱི་ཐད་ལ་གནས་ཚུལ་ཐེར་འདོན་དང་སྐྱོན་བརྗོད་བྱས་དང་བྱེད་མུས་ཡིན་པ་རེད།
ད་རེས་རྒྱ་ནག་གཞུང་གིས་ཉེས་ཆད་བཀལ་བའི་བོད་དང་ཡུ་གུར་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ལས་འགུལ་སྤེལ་མཁན་གྱི་མི་སྣ་ ༢༠ ཁྲོད་དུ་ཡུ་གུར་ལས་འགུལ་ཚོགས་པ་ནས་མི་གྲངས་ ༡༥ ཡོད་པ་དང་། ཁེ་ན་ཌའི་བོད་དོན་ལས་འགུལ་ཚོགས་པ་ནས་མི་གྲངས་ ༥ ཡོད་པ་རེད། ཁོང་ཚོར་རྒྱ་ནག་ནང་ཡོད་པའི་རྒྱུ་ནོར་ཐོག་བཀག་སྡོམ་བྱེད་རྒྱུ་ཡིན་ཞེས་རྒྱ་ནག་གཞུང་གིས་གསལ་བསྒྲགས་བྱེད་པ་དེའི་ནང་། མཁར་དངོས་ཀྱིས་གཙོས་རྒྱུ་ནོར་ཆ་ཚང་བེད་སྤྱོད་བྱེད་མི་ཆོག་པ་བཟོ་རྒྱུ་ཡིན་པ་བརྗོད་པའི་ཐོག རྒྱ་ནག་གཙོས་པའི་ཧོང་ཀོང་དང་། མེ་ཁའོ་བཅས་ཀྱི་ནང་འཛུལ་རྒྱུར་དམ་དྲག་བྱེད་རྒྱུ་ཡིན་པ་བརྗོད་འདུག
ནུབ་ཕྱོགས་ཀྱི་སྲིད་གཞུང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མང་པོས་རྒྱ་ནག་གཞུང་གིས་ཤིན་ཅང་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པར་ངོས་འཛིན་གྱིས། རྒྱ་ནག་གཞུང་གིས་མངའ་འོག་ཏུ་འཛིན་སྐྱོང་བྱེད་བཞིན་པའི་ཤིན་ཅང་ནང་ཡུ་གུར་མི་རིགས་གཙོས་པའི་ཁ་ཆེའི་ཆོས་ལ་དད་པ་བྱེད་མཁན་ཉུང་མཐའ་མི་གྲངས་ས་ཡ་གཅིག་ལྷག་ངལ་རྩོལ་རྭ་བར་བཅུག་ནས་བཙན་ཤེད་ཀྱིས་ངལ་རྩོལ་དང་སློབ་གསོ་བསྐྱར་མ་ཟེར་བ་སྤྲད་དེ་བཙན་ཤེད་ཀྱིས་ཆབ་སྲིད་ཀྱི་ཀླད་པ་བཀྲུ་བའི་སློབ་གསོ་སྤྲོད་ཀྱི་ཡོད་པ་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་སྐྱོན་བརྗོད་བྱེད་ཀྱིན་ཡོད་ཀྱང་། རྒྱ་ནག་གིས་དེར་ངོས་ལེན་མ་བྱས་པར་དེ་ནི་ལས་ཀའི་ཆེད་ཀྱི་སྦྱོར་བརྡར་ལྟེ་གནས་ཁང་ཟེར་བ་ཡིན་ཚུལ་བརྗོད་འདུག
དེ་བཞིན་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༠ ནས་བཟུང་བོད་ནང་དམག་དཔུང་མངགས་གཏོང་གིས་བཙན་འཛུལ་བྱས་ཏེ་བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ཚུལ་བརྗོད་ཀྱིན་ཡོད་ཀྱང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་བཙན་བྱོལ་ནང་གི་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་ལ་བོད་ནང་དྲག་པོའི་དབང་བསྒྱུར་གྱིས་བོད་རྒྱ་བསྒྱུར་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ་བོད་ཀྱི་ལོ་རྒྱུས་དང་སྲོལ་རྒྱུན་རིག་གཞུང་སྐད་ཡིག་དང་བཅས་པ་རྩ་མེད་བཟོ་ཐབས་བྱེད་བཞིན་པར་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། ལྕགས་མོ་འཚོ། ཆོས་སྐྱིད། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།