སྲིད་སྐྱོང་མཆོག་གིས་ཁེ་ཎ་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ་གནང་འདུག

དེང་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཁེ་ཎ་ཌའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། འདི་ཟླའི་ཚེས་༡༡ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་རྣམ་གཉིས་ཁེ་ཎ་ཌའི་གྲོང་ཁྱེར་(Montreal)་ཁུལ་དུ་ཕེབས་ནས། ཁེ་ཎ་ཌའི་ཆབ་སྲིད་ཚོགས་པ་(Bloc Québécois)་དབུ་ཁྲིད་(Yves-François Blanchet)་ལགས་དང་། གྲོས་ཚོགས་འོག་མའི་འཐུས་མི་(Alexis Brunelle-Ducepp)་གཉིས་དང་མཇལ་མོལ་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་བོད་མི་ཚོའི་རང་ཐག་རང་གཅོད་ཀྱི་རང་དབང་ལ་དོ་ཕོག་ཚབས་ཆེན་འགྲོ་བཞིན་པའི་གནས་སྟངས་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་གནང་ཕྱོགས་སོགས་ཀྱི་སྐོར་ལ་གོ་བསྡུར་གནང་ཡོད་པ་ཁེ་ན་ཌའི་བོད་དོན་ལྷན་ཚོགས་ཀྱི་ངོ་དེབ་ནང་གནས་ཚུལ་སྤེལ་འདུག
གཞན་ཉིན་དེར་ཁུལ་དེའི་(Concordia)་གཙུག་ལག་སློབ་གྲྭའི་(The Montreal Institute of Genocide and Human Rights Studies)་སྡེ་ཚན་གྱི་འགན་འཛིན་(Kyle Mathew)་ལགས་གཙོས། སློབ་གྲྭའི་སློབ་མ་ཁག་ཅིག་དང་། དེ་བཞིན་གཞུང་འབྲེལ་ལས་བྱེད་ཟུར་པ་རྒྱ་ནག་གི་ཆབ་སྲིད་ཐོག་མཁྱེན་རྒྱ་ཡོད་པ་ཁག་ཅིག་བཅས་དང་ལྷན་དུ་བོད་དོན་སྐོར་གླེང་མོལ་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་པའི་ངོ་བོ་དང་བཅས་བ་འཆར་གཞི་ལྡན་པའི་ཐོག་ནས་བཙན་གནོན་དང་མེད་པར་བཟོ་ཐབས་བྱེད་ཀྱི་ཡོད་པའི་གནས་སྟངས་དང་། ཆབ་སྲིད་ཀྱི་ས་བབ་གནས་སྟངས་འོག་བོད་ཀྱི་གལ་གནད། དེ་བཞིན་འཛམ་གླིང་གི་ཡུལ་གྲུ་ཁག་གིས་རྒྱ་གཞུང་ལ་གདོང་ལེན་གནང་ཕྱོགས་ཐད་དགོངས་ཚུལ་གསུངས་བ་དང་ཕྱོགས་མཚུངས་འབྲེལ་ཡོད་ནས་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཐད་བློ་སྐྱེད་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་སོགས་ཁེ་ན་ཌའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཁེ་ན་ཌའི་ནང་གི་མཛད་འཆར་ཁག་འགྲུབ་རྗེས། ཟླ་འདིའི་ཕྱི་ཚེས་༡༢ནས་༡༩བར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཌི་སི་ཁུལ་དང་། ཨ་རིའི་མངའ་སྡེ་ཝར་མོན་ཌི། བྷོ་སི་ཊོན་བཅས་སུ་གཞུང་འབྲེལ་འཚམས་གཟིགས་ཀྱི་མཛད་རིམ་ཡོད་པ་རེད་འདུག
གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།