ཁེ་ཎ་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྲིད་སྐྱོང་དང་ལྷན་དུ་བོད་ཀྱི་ཉིན་མོ་སྲུང་བརྩི།

2021.06.15
ཁེ་ཎ་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྲིད་སྐྱོང་དང་ལྷན་དུ་བོད་ཀྱི་ཉིན་མོ་སྲུང་བརྩི། ཁེ་ཎ་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྲིད་སྐྱོང་དང་ལྷན་དུ་བོད་ཀྱི་ཉིན་མོ་སྲུང་བརྩིའི་སྐབས། ༦།༡༤།༢༡
དྲ་བཤུས།

ཁེ་ཎ་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གདན་ཞུས་ཐོག་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་གནང་ཡོད་པ་རེད།
འདི་ཚེས་༡༤་ཉིན་ཁེ་ཎ་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བོད་ཀྱི་གྲོགས་པོ་ཚོགས་པས་གོ་སྒྲིག་འོག དྲ་ལམ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གདན་ཞུས་ཐོག བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་གནང་ཡོད་པ་རེད།
སྐབས་དེར་ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རེ་ཧྥི་ཝི་ར་ནི་(Arif Virani)་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་བོད་སྐད་ཀྱི་ཐོག་ནས་སྲིད་སྐྱོང་ལ་བདམས་ཐོན་བྱུང་བར་ཕེབས་བསུའི་འཚམས་འདྲི་ཞུས་པ་དང་འབྲེལ། སྲིད་སྐྱོང་མཆོག་གིས་སྣེ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་དང་ལྷན་མཉམ་ལས་དང་ལས་དོན་འབྲེལ་བ་བཟང་པོ་ཡོང་བའི་རེ་བལྟོས་ཆེན་པོ་བྱེད་བཞིན་པ་གསུངས་ཡོད་པ་རེད། ད་དུང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་མ་ཟད། ༧གོང་ས་ཏཱ་ལའི་བླ་མ་མཆོག་ལའང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཞུ་རྒྱུའི་ཁས་ལེན་ཞུས་ཡོད། དེ་བས་ཁེ་ཎ་ཌ་དང་རྒྱལ་སྤྱིའི་ཐོག་ནས་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་བོད་དོན་ལ་དོ་སྣང་གནང་བཞིན་ཡོད་པ་གསུངས་ཡོད་པ་རེད།
གཞན་ཡང་ཁོང་གིས་ཁེ་ཎ་ཌའིི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་། དབུ་མའི་ལམ་གྱི་སྲིད་བྱུས་དང་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་སུ་རྒྱབ་སྐྱོར་གྱི་གྲོས་འཆར་གཉིས་གཏན་འབེབས་གནང་མ་ཐུབ་པར་ལྷག་ཡོད་པས། དེའི་ཐད་ཁེ་ཎ་ཌའི་གྲོས་ཚོགས་འཐུས་མི་རྣམ་པས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་ལྷན་མཉམ་རུབ་ཐོག་ཕྱག་ལས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་ཡོད།
སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ཁེ་ཎ་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམ་པས་གཙོས་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཞུས་པ་དང་སྦྲགས། ཕྱི་རྒྱལ་ཡུལ་གྲུ་ཁག་༢༥་ནང་བོད་མི་གནས་སྡོད་བྱེད་བཞིན་ཡོད་པ་དང་། བོད་མི་དེ་དག་གིས་ས་གནས་སོ་སོའི་སྐད་ཡིག་དང་། ཁྲིམས་དང་སྒྲིག་གཞི་སོགས་ལེགས་པར་མཁྱེན་གྱི་ཡོད་སྟབས། བོད་མི་ཚོས་གནས་ཡུལ་ས་གནས་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་ཚོར་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཐུབ་པའི་ནུས་པ་ཡོད་པ་ལྟར་ཞུ་གཏུག་བྱེད་དགོས་བ་དང་། ཁེ་ཎ་ཌའི་ནང་གི་བོད་དོན་ཞུ་གཏུག་གི་ལས་འགུལ་དེ་མིག་དཔེར་འོས་བ་ཞིག་བསྐྲུན་རྒྱུར་རེ་བ་གནང་གི་ཡོད་པ་གསུངས་ཡོད་པ་རེད།
སྐབས་དེར་ཁེ་ཎ་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རེ་ཧྥི་ཝི་ར་ནི་(Arif Virani)་ལགས་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་(Garnett Genuis)་ལགས། གྲོས་ཚོགས་འཐུས་མི་(James Maloney)་ལགས། གྲོས་ཚོགས་འཐུས་མི་(David Sweet)་ལགས། གྲོས་ཚོགས་འཐུས་མི་(Larry Bagnell)་ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། དྲིལ་བསྒྲགས་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། ཁེ་ཎ་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པ་(Canada Tibet Committee) འགན་འཛིན་ཤེས་རབ་མཐར་ཕྱིན་ལགས། ཁེ་ཎ་ཌའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་སོགས་མཉམ་ཞུགས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎