རྒྱ་ནག་གཞུང་གིས་གློག་སྒུལ་རླངས་འཁོར་གྱི་འཕྲུལ་རིག་ལག་རྩལ་ཕྱིར་ཚོང་བྱེད་རྒྱུར་ཚད་བཀག་བཟོ་འཆར་ཡོད་འདུག

2025.01.03
རྒྱ་ནག་གཞུང་གིས་གློག་སྒུལ་རླངས་འཁོར་གྱི་འཕྲུལ་རིག་ལག་རྩལ་ཕྱིར་ཚོང་བྱེད་རྒྱུར་ཚད་བཀག་བཟོ་འཆར་ཡོད་འདུག རྒྱ་ནག་པེ་ཅིང་དུ་གློག་སྒུལ་མོ་ཀྲ་འགྲེམས་སྟོན་སྐབས། ༠༤།༢༦།༢༠༢༤
AP

ཨ་རིའི་བདམས་ཐོན་སྲིད་འཛིན་ཌོལ་ནལཌི་ཊམཔ་ (Donald Trump) མཆོག་གིས་ ༢༠༢༥ ཟླ་ ༡ ཚེས་ ༢༠ ཉིན་ལས་འཁུར་དམ་འབུལ་མ་ཞུས་གོང་། ཨ་རི་དང་རྒྱ་ནག་བར་ལག་རྩལ་འགྲན་རྩོད་ཇེ་ཆེར་འགྲོ་བཞིན་པ་དང་། རྒྱ་ནག་གཞུང་གིས་གློག་སྒུལ་རླངས་འཁོར་ལ་དགོས་མཁོ་དང་གལ་འགངས་ཤིན་ཏུ་ཆེ་བའི་གཏེར་རྫས་ལག་རྩལ་ཕྱིར་ཚོང་བྱེད་རྒྱུར་ཚད་བཀག་བཟོ་འཆར་ཡོད་པ་རེད།
རྒྱ་ནག་ཚོང་དོན་ལྷན་ཁང་གིས་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༢ ཉིན་སྤེལ་བའི་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བརྡ་སྦྱོར་ནང་། གཏེར་རྫས་ལི་ཐིཡམ་ (lithium) དང་། གྷ་ལིཡམ་ (gallium) བཅས་དང་འབྲེལ་ཡོད་ལག་རྩལ་རིགས་འགོག་རྒྱུ་ལས་གཞན། རྒྱ་ནག་གཞུང་གིས་གློག་རྫས་ཀྱི་མོ་སྣེའི་ལག་རྩལ་ཡང་བཀག་སྡོམ་གྱི་ཐོ་གཞུང་དུ་འཇུག་དགོས་པའི་རེ་བ་བཏོན་འདུག
གལ་ཏེ་ཆོག་མཆན་ཐོབ་ཚེ་གསར་དུ་ཁ་སྣོན་བྱས་བའི་གལ་ཆེའི་རྒྱུ་ཆ་དང་ཐོན་སྐྱེད་བཟོ་སྐྲུན་བྱེད་རྒྱུར་མཁོ་གལ་ཆེ་བའི་ལག་རྩལ་རབ་དང་རིམ་པ་ཞིག་རྒྱ་ནག་གཞུང་གིས་མ་འོངས་བར་ཕྱིར་ཚོང་བཀག་སྡོམ་བྱ་ཡུལ་དུ་གྱུར་རྒྱུ་ཡིན་ཞིང་། རྒྱུ་ཆ་དེ་དག་ནི་གློག་འདྲེན་ཕྱེད་རྫས་དང་གློག་སྒུལ་རླངས་འཁོར་གྱི་གློག་རྫས་ལ་མེད་དུ་མི་རུང་བའི་རྒྱུ་ཆ་ཁག་ཡིན་འདུག
རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་སྤེལ་ཁང་གིས་ཕྱི་ཚེས་ ༢ རེས་གཟའ་ཕུར་བུའི་ཉིན་གསལ་བསྒྲགས་བྱས་པ་ལྟར་ན། ཐབས་ལམ་དེའི་དམིགས་ཡུལ་ནི་"འཕྲུལ་ཆས་ནང་འདྲེན་དང་ཕྱི་ཚོང་དོ་དམ་ཤུགས་ཆེ་རུ་གཏོང་རྒྱུ་"དེ་ཡིན་འདུག
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མའོ་ནིང་ལ་ཚེས་གསུམ་ཉིན་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཐོག་དྲིས་སྐབས། མའོ་ནིང་གིས་"ལྟ་གྲུབ་ཀྱི་ཐོག་ནས་རྒྱ་ནག་གིས་དྲང་བདེན་དང་། རྒྱུ་མཚན་ལྡན་པ། དབྱེ་འབྱེད་མེད་པའི་ཕྱི་ཚོང་དོ་དམ་གྱི་ཐབས་ལམ་ལག་བསྟར་བྱེད་བཞིན་ཡོད།"ཅེས་འགྲེལ་བརྗོད་བྱས་འདུག
ད་རེས་ཀྱི་འཆར་གཞི་འདི་ནི་རྒྱ་ནག་གཞུང་གིས་དུས་ཡུན་ཟླ་བ་གཅིག་གི་གོང་དུ་ཕྱོགས་ཡོངས་ནས་ཨ་རི་ལ་གློག་འདྲེན་ཕྱེད་རྫས་སོགས་ལག་རྩལ་གཞན་དག་བཟོ་སྐྲུན་བྱེད་པར་མེད་དུ་མི་རུང་བའི་རྒྱུ་ཆ་ ལི་ཐིཡམ་ (lithium) དང་། གྷ་ལིཡམ་ (gallium) སོགས་རྒྱུ་ཆ་མཁྲེགས་པོའི་རིགས་ཕྱིར་ཚོང་མི་བྱེད་རྒྱུ་ཐག་གཅོད་བྱས་པའི་རྗེས་ཀྱི་བཀག་སྡོམ་གྱི་འཆར་གཞི་གསར་པ་ཞིག་ཡིན་པ་རེད།
ལི་ཐིཡམ་ (lithium) ནི་གློག་སྒུལ་རླངས་འཁོར་བཟོ་སྐྲུན་ལ་མེད་དུ་མི་རུང་བའི་རྒྱུ་ཆ་ཞིག་ཆགས་ཡོད་ལ། གློག་སྒུལ་རླངས་འཁོར་གཅིག་བཟོ་དགོས་ན་ལི་ཐིཡམ་ (lithium) སྤྱི་རྒྱའམ་ kilo ༨ དགོས་ལ། གཏེར་རྫས་ཁྱད་ལས་སློབ་སྟོན་སྡེ་ཚན་གྱི་གློག་རྫས་ཚན་པའི་འགོ་འཛིན་ཨེ་ཌམ་ ཝེབ་ (Adam Webb) ཀྱིས་རའི་ཊརསི་གསར་སྤེལ་ཁང་ལ་བརྗོད་དོན་དུ། རྒྱ་ནག་གི་འཆར་གཞི་དེས་འཛམ་གླིང་གི་ལི་ཐིཡམ་སྒྲུག་སྤེལ་གྱི་བརྒྱ་ཆ་ ༧༠ རྒྱ་ནག་གིས་འཛིན་བཞིན་པ་དེ་རྒྱུན་འཁྱོངས་བྱེད་ཐུབ་པར་ཕན་ཐོགས་ཡོད་པ་རེད་ཅེས་བརྗོད་འདུག
ཕྱི་ཟླ་ ༡ ཚེས་ ༢ ཉིན་རྒྱ་ནག་ཚོང་དོན་ལྷན་ཁང་གིས་ཨ་རིའི་ཁེ་ལས་ཁང་ ༢༨ ལ་ཕྱིར་ཚོང་བྱེད་རྒྱུ་མིན་པའི་བཀག་སྡོམ་གྱི་མིང་ཐོའི་ནང་བཅུག་ཡོད་པ་རེད།།


གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎