རྒྱ་ནག་ནང་མུ་མཐུད་དུ་ཁང་པའི་རིན་གོང་མར་ཆག་བཞིན་ཡོད་འདུག

2025.02.19
རྒྱ་ནག་ནང་མུ་མཐུད་དུ་ཁང་པའི་རིན་གོང་མར་ཆག་བཞིན་ཡོད་འདུག པེ་ཅིང་གྲོང་ཁྱེར་གྱི་ཉེ་ཁུལ་དུ་འཛུགས་བསྐྲུན་ཆེད་ཁང་ཁྱིམ་མང་པོ་གཏོར་ཡོད་པ། ༢༠༠༧།༡༢།༢༡
AP

རྒྱ་ནག་གི་གྲོང་ཁྱེར་ ༧༠ ནང་ཞིབ་བཤེར་བྱས་པའི་ཁང་པའི་ཆ་སྙོམས་རིན་གོང་དེ་ཟླ་སྔོན་མ་ལས་བརྒྱ་ཆ་ ༠.༠༧ མར་ཆག་ཡོད། ཡིན་ནའང་རྒྱ་ནག་ནང་ཁང་པའི་རིན་གོང་མར་ཆག་ཚད་མུ་མཐུད་དུ་ཇེ་དལ་དུ་སོང་ཡོད་པ་དེ་ནི་རྒྱ་ནག་གཞུང་ལ་དཀའ་ངལ་འཕྲད་བཞིན་པའི་ཁང་པ་ཉོ་ཚོང་ལས་རིགས་བརྟན་ལྷིང་ཡོང་བར་ཕན་ཐོགས་བྱུང་བའི་རྟགས་མཚན་ཞིག་རེད་ཅེས་ (The Wall Street Journal) ཡིས་གནས་ཚུལ་བཏོན་འདུག
རྒྱ་ནག་རྒྱལ་ཡོངས་རྩིས་ཞིབ་ལས་ཁང་གིས་གཟའ་ལྷག་པའི་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལ་གཞི་བཅོལ་ནས་ (The Wall Street Journal) གསར་ཤོག་གིས་རྩིས་ཞིབ་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་ཞིབ་བཤེར་བྱས་པའི་གྲོང་ཁྱེར་༧༠ཡི་ཁང་པའི་རིན་གོང་ཟླ་དང་པོའི་ནང་ཆ་སྙོམས་བརྒྱ་ཆ་༠.༠༧མར་ཆག་པ་དང་། སྤྱི་ཟླ་༡༢བའི་ནང་བརྒྱ་ཆ་༠.༠༨མར་ཆག་ཡོད་འདུག
དེ་ནི་ན་ནིང་གི་དུས་སྐབས་དེ་དང་བསྡུར་ན་ཟླ་དང་པོར་གྲོང་ཁྱེར་ཆེ་ཁག་གི་ཆ་སྙོམས་ཁང་རིན་བརྒྱ་ཆ་༥.༤མར་ཆག་པ་དང་། སྤྱི་ཟླ་༡༢པར་ཁང་རིན་བརྒྱ་ཆ་༥.༧མར་ཆག་པས་ད་ལོར་ཁང་རིན་མར་ཆག་ཚད་ཇེ་དལ་དུ་སོང་ཡོད་འདུག
རྒྱ་ནག་ནང་ཀོ་ཝིཌ་ ༡༩ ཏོག་དབྱིབས་ནད་ཡམས་ (Coivd 19) ཁྱབ་གདལ་ཕྱིན་པ་དང་གཞུང་གི་སྒྲིག་གཞི་གསར་པའི་འགོག་རྐྱེན་དང་། དེ་བཞིན་ས་ཁང་ཚོང་ལས་ཐོག་གི་གཉན་འཕྲང་ཅན་གྱི་དུས་སྐབས་ཤིག་ཡིན་པ་བཅས་ལ་བརྟེན་ནས། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཐོག་ལ་དོ་ཕོག་ཆེན་པོ་ཐེབས་ཡོད་སྟབས། གཞུང་གི་དཔོན་རིགས་ཚོས་དཔལ་འབྱོར་སླར་གསོ་ཡོང་ཐབས་སུ་གང་དྲག་ཅི་དྲག་གི་ཐབས་ཤེས་གནང་མུས་ཡིན་ཞིང་། གཟའ་ཟླ་བ་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕིན་གྱིས་རྒྱ་ནག་གི་སྒེར་གཉེར་ཁེ་ལས་དང་ཚོང་དོན་སྐུ་ཚབ་ཚོགས་པ་ཞིག་དང་མཇལ་འཕྲད་སྐབས་སུ་ཚོང་པའི་སྐུ་ཚབ་ཚོར་གདེང་ཚོད་ཆེན་པོ་སྐྱེས་དགོས་པ་དང་། ཚོང་པ་ཚོའི་ཁྲིམས་མཐུན་གྱི་ཐོབ་ཐང་ལ་སྲུང་སྐྱོབ་དང་ད་ལྟའི་སྒེར་གཉེར་ཚོང་ལས་ཁང་ལ་འཕྲད་བཞིན་པའི་དཀའ་ངལ་དག་གནས་སྐབས་ཡིན་ཞིང་། དཀའ་ངལ་དེ་དག་ལས་རྒྱལ་ཐུབ་པའི་ནུས་པ་ཡོད་སྐོར་གཏམ་བཤད་གནང་ཡོད་པ་རེད་ཅེས་བརྗོད་ཡོད་འདུག
ནམ་རྒྱུན་ཞི་ཅིན་ཕིན་གྱིས་སྒེར་གཉེར་ཁེ་ལས་ཁང་ཁག་གི་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་བྱས་པ་ཧ་ཅང་ཉུང་ཉུང་ཡིན་པས་ད་རེས་རྒྱ་ནག་གི་ཁེ་ལས་ཁང་ཁག་གི་འགོ་ཁྲིད་ཚོ་དང་མཉམ་དུ་བགྲོ་གླེང་ཚོགས་འདུ་བསྐོང་བ་ནི་དཀའ་ངལ་ཞིག་ཡོད་པ་མཚོན་པ་དང་། ཉེ་ལམ་ནས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཇེ་སྡུག་ལ་སོང་ཡོད་པའི་ཁར་རྒྱ་ནག་གི་དཔལ་འབྱོར་གྱི་འཕེལ་འགྲོས་ཇེ་དལ་དུ་སོང་ཡོད་པ་རེད།།


གསར་འགོད་པ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎