ས་ཁྲའི་ནང་རྒྱ་གར་མངའ་ཁོངས་ས་ཆའི་སྐོར།
2010.10.04
༄༅༎ཨ་མི་རི་ཀའི་ཨེ་པལ་(Apple)ཁེ་གཉེར་ལས་ཁང་གི་ལག་ཐོགས་ཁ་པར་གྱི་ས་ཁྲའི་ནང་རྒྱ་གར་གྱི་ཨ་རུ་ན་ཅལ་པར་རྡེཤ་མངའ་སྡེ་དེ་བཞིན་རྒྱ་ནག་གི་མངའ་ཁོངས་ཡིན་པ་བཏོན་པ་དེས་མངའ་སྡེའི་གཞུང་གི་དཔོན་རིགས་ཀྱིས་རྒྱ་གར་དབུས་གཞུང་ལ་ངོ་རྒོལ་གནང་ཡོད་པ་རེད་
རྒྱ་གར་གྱི་གསར་འགྱུར་ཁག་ནང་གནས་ཚུལ་ཐོན་གསལ་ལ་གཞིགས་ན་ ཨེ་པལ་ཁེ་གཉེར་ལས་ཁང་གི་ཁ་དཔར་གསར་པ་iPhoneཁག་ནང་རྒྱ་གར་གྱི་ཨ་རུ་ན་ཅལ་པར་རྡེཤ་མངའ་སྡེ་དེ་བཞིན་རྒྱ་ནག་གི་མངའ་ཁོངས་སུ་བཅུག་ཡོད་པ་གནས་ཚུལ་ཐོན་ཡོད་པ་རེད་ མངའ་སྡེ་དེ་ནས་ཡིན་པའི་རྒྱ་གར་གྱི་དབུས་གཞུང་གི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀྲ་ཀམ་སན་ཇེ་ཡིས་གནས་ཚུལ་འདི་ནི་ཨ་རུ་ན་ཅལ་པར་རྡེཤ་མངའ་སྡེ་དེ་རྒྱལ་ཁབ་སུའི་མངའ་ཁོངས་ཡིན་པ་དེ་རྫུན་བཟོ་བྱེད་རྒྱུའི་ཐབས་ཤེས་གསར་པ་ཞིག་རེད་ ངན་བྱུས་དེར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུང་འདུག ཁོང་གིས་ང་ཚོས་ཨེ་པལ་ཁེ་གཉེར་ལས་ཁང་གིས་ནོར་འཁྲུལ་འདི་འཕྲལ་དུ་བཅོས་ནས་ཨ་རུ་ན་ཅལ་པར་རྡེཤ་མངའ་སྡེ་དེ་རྒྱ་གར་གྱི་མངའ་ཁོངས་ཡིན་པ་དེ་སྟོན་དགོས་ཞེས་གསུང་འདུག
ད་ཐེངས་ཀྱི་ནོར་འཁྲུལ་འདི་གཅིག་པུ་མིན་ཅིང་དེ་སྔོན་ལོ་གཉིས་གོང་ཨ་རིའི་གུའུ་གལ་དྲ་རྒྱའི་ཁེ་གཉེར་ལས་ཁང་དེས་རྒྱ་གར་གྱི་བྱང་ཤར་གྱི་མངའ་སྡེ་དེ་ཐེངས་གཉིས་རིང་རྒྱ་ནག་གི་མངའ་ཁོངས་བཅུག་ཡོད་པ་རེད་
གུའུ་གལ་ཁེ་གཉེར་ལས་ཁང་གིས་གོང་ཞུས་ཀྱི་ནོར་འཁྲུལ་དེར་ཁས་ལེན་གནང་ནས་ནོར་འཁྲུལ་དེ་བཟོ་བཅོས་གནང་ཐུབ་པ་བྱུང་ཡོད་པ་རེད་མངའ་སྡེ་དེ་དེང་སྐབས་རྒྱ་ནག་གི་བཙན་འོག་ཏུ་བསྡུས་པའི་བོད་དང་ཀི་ལོ་མི་ཀྲར་༡༠༣༠ཡི་ས་འབྲེལ་འཁེལ་གྱི་ཡོད་པ་རེད་ དེང་སྐབས་རྒྱ་ནག་གི་རྩོད་བཞིན་པའི་མངའ་སྡེ་དེ་དེ་སྔ་ཕྱི་ལོ་༡༩༡༤ལོར་བོད་རང་དབང་རང་བཙན་ཡིན་སྐབས་བོད་གཞུང་དང་རྒྱ་གར་དབྱིན་ཇིའི་གཞུང་དང་རྒྱ་ནག་གཞུང་བར་སིམ་ལའི་ཆིངས་ཡིག་ཅེས་པ་དེ་བཞག་པ་ནས་བྱུང་བ་ཞིག་ཡིན་པ་རེད་ སྐབས་དེར་མེཀ་མེ་ཧེན་Mc Mahonཞེས་མིང་རྟགས་བཀོད་ཡོད་པ་རེད་