རྒྱ་ནག་གཞུང་གིས་ཨ་རུ་ན་ཅཱལ་དང་ས་འབྲེལ་ས་མཚམས་སུ་གྲོང་གསེབ་ ༩༠ འཛུགས་སྐྲུན་བྱེད་བཞིན་ཡོད་འདུག

2025.02.20
རྒྱ་ནག་གཞུང་གིས་ཨ་རུ་ན་ཅཱལ་དང་ས་འབྲེལ་ས་མཚམས་སུ་གྲོང་གསེབ་ ༩༠ འཛུགས་སྐྲུན་བྱེད་བཞིན་ཡོད་འདུག འཕགས་བོད་ས་མཚམས་སྣ་ཐོད་ལ། (Nathula) ཕྱི་ལོ་ ༢༠༠༦ ལོར།
AP File

དེ་ཡང་རྒྱ་གར་གྱི་(The Tribune)་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཉེ་དུས་རྒྱ་ནག་གཞུང་གིས་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་བྱ་སྤྱོད་ཁག་གཉིས་ཀྱི་ཐོག་ལ་བདེ་འཇགས་ཆེད་མཁས་པ་ཚོས་དོ་སྣང་ཆེན་པོས་ལྟ་ཞིབ་བྱེད་བཞིན་ཡོད་པ་ནི། དང་པོ། རྒྱ་ནག་གཞུང་གིས་རྒྱ་གར་དང་བོད་ཀྱི་ས་མཚམས་ཀྱི་དངོས་གཞིའི་སྟངས་འཛིན་ས་ཐིག་(LAC)་གི་ཕྱོགས་སུ་གྲོང་གསེབ་གསར་པ་༩༠ གསར་རྒྱག་བྱེད་བཞིན་ཡོད་པ་དང་། གཉིས་པ་རྒྱ་ནག་གཞུང་གིས་བོད་དང་བལ་ཡུལ་གྱི་གློ་སྨོན་ཐང་ས་གནས་བར་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་ས་མཚམས་སུ་རྨང་གཞིའི་འཛུགས་སྐྲུན་མངོན་གསལ་དོད་པོས་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དེ་ཡིན་ཞིང་། ས་མཚམས་དེ་ནི་བོད་མི་སྐྱབས་བཅོལ་བ་བྲོས་བྱོལ་དུ་ཡོང་མཁན་ཚོའི་འགྲོ་ལམ་གཙོ་གྲས་ཞིག་འཁེལ་གྱི་ཡོད་པ་རེད།
གནས་ཚུལ་ངོ་སྤྲོད་བྱེད་མཁན་ཞིག་གིས་རྒྱ་གར་(The Tribune)་གསར་འགྱུར་ལས་ཁང་ལ། རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཨ་རུ་ན་ཅཱལ་མངའ་སྡེའི་ས་མཚམས་ཁུལ་དུ་གྲོང་གསེབ་གསར་པ་༩༠ འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞི་དེ་ནི། རྒྱ་གར་དང་བོད་བར་གྱི་དངོས་གཞིའི་སྟངས་འཛིན་ས་ཐིག་ (LAC) ཞེས་པའི་ས་མཚམས་བརྒྱུད་གྱི་ས་ཁུལ་ནང་རྒྱ་ནག་གཞུང་གིས་(Xiaokang) ངམ་འབྱོར་འབྲིང་གྲོང་གསེབ་ཅེས་འབོད་པ་དེ་བཞིན་རྒྱ་བསྐྱེད་གཏོང་བའི་ལས་གཞི་ཞིག་ཡིན་པ་དང་། དེའི་ནང་ཨ་རུ་ན་ཅལ་མངའ་སྡེའི་མཐའ་མཚམས་ས་ཁུལ་ཡང་ཚུད་ཡོད་ལ་གྲོང་གསེབ་དེ་དག་གིས་རྒྱ་ནག་གཞུང་ཕྱོགས་ནས་རྒྱ་ནག་གི་ས་ཁོངས་བདག་དབང་རྩོད་གླེང་བྱེད་པའི་བྱ་སྤྱོད་ཤུགས་ཆེ་རུ་བཏང་བ་ཙམ་མ་ཟད། རྒྱ་གར་དང་བོད་བར་ས་མཚམས་དབྱེ་འབྱེད་མ་ཐུབ་པའི་དངོས་གཞིའི་སྟངས་འཛིན་ས་ཐིག་(LAC)་ཞེས་པའི་བརྒྱུད་དུ་རྒྱ་ནག་གི་དམག་དོན་གྲ་སྒྲིག་ཀྱང་སྟོབས་ཤུགས་ཇེ་ཆེར་གཏོང་བཞིན་པའི་སྲིད་ཇུས་ཤིག་རེད་ཅེས་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཁྱོན་བསྡོམས་གྲོང་ཚོ་དེ་འདྲ་༦༢༨འཛུགས་སྐྲུན་བྱས་ཡོད་པ་དང་། ད་ལྟའི་གྲོང་གསེབ་༩༠ གསར་པ་འཛུགས་སྐྲུན་བྱེད་བཞིན་པ་དེ་དག་ནི་གྲོང་ཚོ་རྒྱ་སྐྱེད་གཏོང་བའི་ཆ་ཤས་ཤིག་ཡིན་པ་མ་ཟད། ད་དུང་༢༠༢༥ ལོའི་རྒྱ་གར་དང་རྒྱ་ནག་གཉིས་པོ་མཐའ་མཚམས་སྲུང་སྐྱོབ་ཀྱི་མཐུན་གྲོས་བཞག་པའི་འོག་རྒྱ་ནག་གཞུང་གིས་སླར་ཡང་ས་མཚམས་ཁུལ་དུ་ཁྲིམས་མཐུན་གྱི་སྲུང་སྐྱོབ་ཀྱི་གཞི་ཡུལ་ཞིག་འཛུགས་སྐྲུན་བྱ་རྒྱུའི་འདུན་པ་ཡོད་པ་དང་། དེས་མཐའ་མཚམས་ཀྱི་གཞིས་ཆགས་དང་མཐའ་མཚམས་ཁུལ་དུ་གནས་སྡོད་བྱེད་མཁན་གྱི་ས་གནས་མི་དམངས་ཀྱི་མི་འབོར་གྱི་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད་ཅིང་། རྒྱ་གར་དང་རྒྱ་ནག་གཉིས་པོའི་གྲོས་མཐུན་ནང་གི་དོན་ཚན་བདུན་པའི་ནང་དོན་ལ། རྒྱལ་ཁབ་ཕྱོགས་གཉིས་པོས་མཐའ་མཚམས་ས་ཁུལ་དུ་གཞིས་ཆགས་པའི་མི་དམངས་ཀྱིས་ཁེ་ཕན་སྲུང་སྐྱོབ་བྱེད་དགོས་པ་འཁོད་ཡོད་པ་དེ་ནི། གལ་ཏེ་ཕྱོགས་གཉིས་ཀྱི་དངོས་གཞིའི་སྟངས་འཛིན་ས་ཐིག་ (LAC) ས་མཚམས་དབྱེ་འབྱེད་ཐག་གཅོད་བྱེད་པའི་དུས་ཤིག་བྱུང་སྐབས་གྲོང་ཚོ་དེ་དག་ལ་དོ་ཕོག་མི་འགྲོ་བ་བྱ་རྒྱུ་དེ་ཡིན་པ་རེད་ཅེས་གནས་ཚུལ་སྤེལ་འདུག
ལོ་སྔོན་མར་སྲུང་སྐར་ནས་བླངས་པའི་པར་རིས་ཤིག་རྒྱ་གར་གསར་འགྱུར་བརྒྱུད་ལམ་ཁག་གིས་ཕྱིར་བསྒྲགས་བྱས་ཏེ། རྒྱ་ནག་གཞུང་གིས་ས་མཚམས་ཞི་འགྲིག་ལ་རྩིས་མེད་ཀྱིས་འཕགས་བོད་ས་མཚམས་སུ་གྲོང་གསེབ་དང་གཞུང་ལམ་སོགས་མུ་མཐུད་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་གསལ་སྟོན་བྱས་ཡོད་ལ། དེའི་ཐད་སྐབས་དེར་རྒྱ་གར་གྱི་རྒྱལ་སྲུང་ཉམས་ཞིབ་པ་དང་དམག་སྤྱི་ཟུར་པ་ཝི་ན་ཡཀ་སྦཊ་(Vinayak Bhatt)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་ནི་ངོ་ཚ་ཁྲེལ་མེད་ངང་རྫུན་གཏམ་བཤད་མཁན་ཞིག་དང་ཁ་དན་ཚིག་ལ་མི་གནས་མཁན། དེ་བཞིན་རྒྱལ་སྤྱིའི་ཁྲིམས་དང་ས་མཚམས་ལ་བརྩི་བཀུར་མི་བྱེད་མཁན་ཞིག་ཡིན་ཞེས་དང་། ཉེ་ཆར་རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོར་འཛམ་གླིང་གི་ཆུ་རགས་ཆེ་ཤོས་འཛུགས་འཆར་ཡོད་པ་དེར་ཡང་དམག་དོན་གྱི་ཤུགས་རྐྱེན་ཡོད་པས། རྒྱ་ནག་ངོས་ནས་ཁ་ཙམ་ཚིག་ཙམ་གྱི་སྐད་ཆ་བཤད་པ་ཙམ་ལས་ལས་དོན་དངོས་སུ་ལག་བསྟར་བྱེད་པའི་ཐད་གོམ་པ་མདུན་བསྐྱོད་བྱ་དགོས་ཞེས་གསུངས་ཡོད།།


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎