རྒྱ་གར་གྱི་ཨ་རུ་ན་ཅལ་ཁུལ་གྱི་རི་བོ་མཐོན་པོ་ཞིག་ལ་༧རྒྱལ་མཆོག་སྐུ་ཕྲེང་དྲུག་པའི་མཚན་རི་བོ་ཚངས་དབྱངས་རྒྱ་མཚོ་ཞེས་མིང་བཏགས་འདུག

* གནས་ཚུལ་ཁ་སྣོན་བྱས་ཡོད།
འདིར་གནན་ན་དབྱིན་ཡིག་ནང་འདིའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་ཀློག་ཐུབ།
དེ་ཡང་རྒྱ་གར་གྱི་གསར་ལམ་ཁག་ཅིག་དང་ལྷག་པར་རྒྱ་གར་རྒྱལ་ཡོངས་རི་འཛེགས་དང་རྩེད་མོའི་བསྟི་གནས་ཁང་གི་རི་འཛེགས་པ། རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་བཅས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་རྒྱལ་ཡོངས་རི་འཛེགས་དང་རྩེད་མོའི་བསྟི་གནས་ཁང་གི་རི་འཛེགས་(National Institute of Mountaineering & Sports Adventure)་བསྟི་གནས་ཁང་གི་རི་འཛེགས་པའི་རུ་ཁག་ཅིག་ཨ་རུ་ན་ཅལ་མངའ་སྡེའི་རྟ་དབང་ཁུལ་གྱི་(Gorichen Range)་ཞེས་པའི་ཕྱོགས་སུ་རྒྱ་མཚོ་ངོས་ནས་མཐོ་ཚད་ཧྥུ་ཊི་(Foot)་༢༠།༩༠༠ཙམ་དང་། ད་བར་མིང་གང་ཡང་འབོད་སྲོལ་མེད་པའི་གངས་རི་མཐོན་བོ་ཞིག་སྟེང་ལམ་ལྷོང་ལྡན་པའི་ངང་འཛེགས་ཐུབ་ཡོད་པ་དང་། ཁོང་ཚོས་རི་རྩེ་དེའི་མིང་ལ་རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་དྲན་རྟེན་གྱི་ཚུལ་དུ་མཚན་གསོལ་པ་ཡིན་ཞེས་འགྲེལ་བརྗོད་བྱས་འདུག
This untamed peak has been named "Tsangyang Gyatso Peak" in honour of His Holiness Tsangyang Gyatso, the Sixth Dalai Lama, from the Mon Tawang region.
— Pema Khandu པདྨ་མཁའ་འགྲོ་། (@PemaKhanduBJP) September 25, 2024
This groundbreaking feat showcases the spirit of adventure, connecting this remote land to the world. It also opens new… pic.twitter.com/w95ut34nh1
ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་ཁོང་གི་(X)་སྤྱི་ཚོགས་དྲྭ་བའི་སྟེང་འདྲ་པར་དང་བཅས། ད་རེས་རི་འཛེགས་པ་རྣམས་ཀྱིས་སྔར་ཚོད་ལྟ་བྱས་མ་མྱོང་བའི་རི་བོ་ཞིག་གི་སྟེང་ལམ་ལྷོང་ལྡན་པའི་ངང་འཛེགས་ཐུབ་པ་བྱུང་བ་དེ་གཟི་བརྗིད་ལྡན་པ་རེད། ད་བར་མིང་མེད་པའི་རི་བོ་མཐོན་པོ་འདིའི་མིང་མོན་རྟ་དབང་ནས་འཁྲུངས་པ་རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་དྲན་རྟེན་གྱི་ཚུལ་དུ་རི་བོ་ཚངས་དབྱངས་རྒྱ་མཚོ་ཞེས་མིང་བཏགས་པ་ཡིན། འདིས་ཨ་རུ་ན་ཅལ་མངའ་སྡེའི་རིག་གཞུང་ཕྱུག་པོ་དེ་དག་འཛམ་གླིང་གི་མཐོང་ཆོས་སུ་གྱུར་བ་མ་ཟད། མ་འོངས་པར་ཡུལ་སྐོར་སྤྲོ་འཆམ་གྱི་ངོ་བོའི་ཐོག་ནས་མངའ་སྡེའི་ནང་རི་འཛེགས་དང་གཞན་ཡང་སྤྲོ་འཆམ་དུ་ཡོང་མཁན་གྱི་གྲངས་ཚད་ཀྱང་མང་དུ་འགྲོ་རྒྱུའི་རེ་བ་ཡོད་པ་ཞིག་རེད་ཅེས་བཀོད་འདུག
གནས་ཚུལ་ལྟར་ན། གོང་ཞུས་བསྟི་གནས་ཁང་དེས་རི་བོ་དེར་༧རྒྱལ་མཆོག་ཚངས་དབྱངས་རྒྱ་མཚོའི་རི་བོ་ཞེས་མཚན་མ་གསོལ་གོང་རྒྱ་གར་རྒྱལ་ཡོངས་རི་འཛེགས་ཐེབས་རྩ་ཁང་ལ་ཆོག་མཆན་ཞུས་ཏེ་བཀའ་འཁྲོལ་ཐོབ་པ་ཞིག་ཡིན་ལུགས་བཀོད་འདུག་ལ་ད་ཆ་དངོས་སུ་རྒྱ་གར་གྱི་རི་བོའི་ས་ཁྲའི་སྟེང་འཁོད་ཐུབ་པ་ཡང་བྱུང་ཡོད་འདུག
སྤྱིར་བཏང་རི་བོ་དེ་བཞིན་འཁྱགས་རོམ་ཅན་ཞིག་ཡིན་སྟབས་རི་འཛེགས་པ་རྣམས་ཀྱིས་དཀའ་ངལ་གདོང་ལེན་ཆེན་པོ་བྱེད་དགོས་བྱུང་ཡོད་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།