རྒྱ་ནག་གཞུང་གིས་བྷང་ལ་དྷེ་ཤེའི་གཞུང་འབྲེལ་ས་ཁྲའི་ནང་ས་ཁོངས་བདག་དབང་ནོར་འཁྲུལ་ཡོད་པ་བཅོས་དགོས་བའི་དགོས་འདུན་བཏོན་འདུག
དེ་ཡང་པྲོ་ཐོམ་ཨ་ལོ་(Prothom Alo)་ཞེས་པའི་བྷང་ལ་དྷེ་ཤེའི་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་སྤེལ་བྱས་བ་ལྟར་ན། རྒྱ་ནག་གཞུང་གིས་བྷང་ལ་དྷེ་ཤེའི་(Bangladesh)་གཞུང་འབྲེལ་ས་ཁྲ་དང་། སློབ་གྲྭའི་སློབ་དེབ་གྱི་བསླབ་གཞིའི་ནང་། ཨ་རུ་ན་ཅལ་མངའ་སྡེ་དང་། ཨག་སེ་ཆིན་(Aksai Chin)་གཉིས་རྒྱ་གར་གྱི་མངའ་ཁོངས་ཡིན་ལུགས་བཀོད་ཡོད་པ་ནི་ནོར་འཁྲུལ་ཞིག་ཆགས་ཡོད་པ་དང་། གོང་ཞུས་ས་ཁུལ་གཉིས་ནི་རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་ཞིག་ཡིན་པས་དེ་དག་ནོར་བཅོས་རྒྱབ་དགོས་ལུགས་བཤད་ཡོད་འདུག
ཡང་རྒྱ་ནག་གིས་བྷང་ལ་དྷེ་ཤེའི་སློབ་གྲྭའི་འཛིན་རིམ་བཞི་པ་དང་དགུ་པ། བཅུ་པའི་སློབ་ཚན་དང་དེ་བཞིན་གཞུང་འབྲེལ་ས་ཁྲ་སྡེ་ཚན་གྱི་དྲྭ་ཚིགས་ནང་། ཐེ་ཝན་དང་ཧོང་ཀོང་གཉིས་ཀྱང་རྒྱ་ནག་གི་ཁོངས་གཏོགས་མ་ཡིན་པར་རྒྱལ་ཁབ་ལོགས་སུ་ཡིན་ལུགས་བཀོད་ཡོད་ལུགས་དང་། དེ་བཞིན་ཨ་རུ་ན་ཅལ་ལ་བོད་ལྷོ་(Zangnan)་ཞེས་རྒྱ་ནག་གཞུང་འབྲེལ་གྱི་ཐོག་ནས་འབོད་ཀྱི་ཡོད་ལུགས་སོགས་བཤད་ནས་བྷང་ལ་དྷེ་ཤེའི་གཞུང་ལ་ནོར་འཁྲུལ་ཡོ་བསྲང་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་འདུག་ལ། གོང་ཞུས་གནད་དོན་དེའི་ཐོག་སྔ་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་ནག་གཞུང་གིས་བྷང་ལ་དྷེ་ཤེ་ལ་དགོས་འདུན་བཏོན་པ་ཞིག་ཡིན་ལུགས་འགྲེལ་བརྗོད་བྱས་འདུག
གསར་འགྱུར་ལས་ཁང་དེས། རྩ་བའི་གནད་དོན་དེའི་ཐོག་དེ་སྔ་ནས་རྒྱ་ནག་གིས་བྷང་ལ་དྷེ་ཤེར་སེམས་ཚབས་དང་བཅས་ནོར་འཁྲུལ་བཟོ་བཅོས་རྒྱག་དགོས་ལུགས་བཤད་ཡོད་ཀྱང་དམིགས་བསལ་གནོན་ཤུགས་ཆེན་པོ་སྤྲད་མི་འདུག ཉེ་བའི་ཆར་བྷང་ལ་དྷེ་ཤེའི་ནང་ཆབ་སྲིད་དང་སྲིད་གཞུང་འཕོ་འགྱུར་ཕྱིན་པའི་རྐྱེན་གྱིས་སླར་ཡང་གླེང་སློང་དང་བརྒྱུད་སྐུལ་བྱས་པ་ཞིག་ཡིན་ལུགས་དང་། བྷང་ལ་དྷེ་ཤེ་ངོས་ནས་འཛམ་གླིང་གི་ས་ཁྲ་བེད་སྤྱོད་གཏོང་སྐབས་ནམ་རྒྱུན་རྒྱལ་སྤྱིའི་ཡོངས་ཁྱབ་ངོས་འཛིན་ཐབས་ལམ་དང་སྒྲིག་གཞི་ལྟར་འགྲོ་བཞིན་ཡོད་པ་བརྗོད་ཡོད་འདུག
གོང་ཞུས་གནས་ཚུལ་ནང་། དེ་སྔ་བོད་དང་སྐབས་དེའི་རྒྱ་གར་དབྱིན་ཇིའི་འོག་ཡོད་པའི་སྐུ་ཚབ་དང་། གོ་མིང་ཏང་གི་སྐུ་ཚབ་བཅས་པའི་བར་ཕྱི་ལོ་༡༩༡༤ ལོར་ཆིངས་དོན་བཞག་པའི་སྐབས་ཨ་རུ་ན་ཅལ་མངའ་སྡེ་དེ་བཞིན་རྒྱ་ནག་འོག་ཚུད་ཡོད་པ་དང་། དེ་བཞིན་བོད་འདི་བཞིན་རྒྱ་ནག་གི་དབང་འོག་ཚུད་པའི་རྗེས་སུ་ལ་དྭགས་ཀྱི་ཨག་སེ་ཆིན་ཞེས་པ་དེ་རྒྱ་ནག་འོག་ཚུད་པ་ཞིག་ཡིན་ལུགས་བཀོད་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།