རྒྱ་ནག་གིས་སྤེལ་བའི་ས་ཁྲའི་གནད་དོན་ཐད་རྒྱ་གར་གྱིས་རྒོལ་གཏམ་དྲག་པོ་བཏང་འདུག

2023.08.30
རྒྱ་ནག་གིས་སྤེལ་བའི་ས་ཁྲའི་གནད་དོན་ཐད་རྒྱ་གར་གྱིས་རྒོལ་གཏམ་དྲག་པོ་བཏང་འདུག རྒྱ་ནག་གིས་བཟོས་བའི་༢༠༢༣་ལོའི་ས་ཁྲ།
Chinese State Media

རྒྱ་ནག་གཞུང་གིས་༢༠༢༣ལོའི་རྒྱ་ནག་གི་ས་ཁྲ་ཟེར་བ་འགྲེམས་སྤེལ་བྱས་བའི་ནང་། ད་ལྟའི་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་མི་ཉུང་བ་ས་ཁྲ་དེའི་ཁོངས་སུ་བཅུག་ནས་རྒྱ་ནག་གི་མངའ་ཁོངས་ཡིན་ཚུལ་བསྟན་འདུག་ལ། དེའི་ཁོངས་སུ་༢༠༢༠ལོར་རྒྱ་དཀར་ནག་རྒྱལ་ཁབ་གཉིས་བར་འཁྲུག་འཛིང་ཤོར་སའི་ཉེ་འདབས་ཀྱི་མངའ་ཁོངས་སོགས་ཚུད་ཡོད་པ་དང་། དེར་རྒྱ་གར་གཞུང་གིས་གཟའ་མིག་དམར་ཉིན་ངོ་རྒོལ་དྲག་པོའི་རྒོལ་གཏམ་བཏང་འདུག
རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Arindam Bagchi)་ཡིས་གསལ་བསྒྲགས་སྤེལ་བའི་ནང་། ‘ང་ཚོས་དེ་རིང་ཕྱི་སྲིད་ཀྱི་བརྒྱུད་ལམ་ནས། རྒྱ་ནག་གིས་༢༠༢༣ལོའི་༼རྒྱ་ནག་གི་ཚད་ལྡན་ས་ཁྲ༽ཟེར་བ་དེའི་ནང་དུ་རྒྱ་གར་ཀྱི་ས་ཁོངས་ཡང་རྒྱ་ནག་གི་ཡིན་ཚུལ་བཀོད་ཡོད་པར་ངོ་རྒོལ་དྲག་པོ་བྱེད་ཀྱིན་ཡོད་’ཅེས་དང་། རྒྱ་ནག་གི་བཤད་ཚུལ་འདི་དག་ལ་གཞི་འཛིན་ས་མེད་པའི་རྐྱེན་གྱིས་ང་ཚོས་ངོ་རྒོལ་བྱེད་ཀྱིན་ཡོད། རྒྱ་ནག་གི་ཕྱོགས་ནས་གོམ་རིམ་དེ་རིགས་ཀྱིས་ས་མཚམས་ཀྱི་གནད་དོན་ཐག་གཅོད་བྱེད་པར་རྙོག་དྲ་བཟོ་བ་ཙམ་ལས་མེད།”ཅེས་ཀྱང་གསུངས་འདུག
རྒྱ་གར་གྱིས་བྱང་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་དམག་དོན་ཆོད་སེམས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བར་དོགས་ཟོན་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་བར་རྒྱང་ཚད་སྤྱི་ལེ་༣༥༠༠ཡི་མཐུན་མོང་གི་མཐའ་མཚམས་དེ་ཛ་དྲག་གནས་སྟངས་ཀྱི་འབྱུང་རྩར་གྱུར་ཡོད་པ་རེད།
རྒྱ་གར་གཞུང་གིས། རྒྱ་ནག་གཞུང་འབྲེལ་གྱི་གོ་ལའི་དུས་བབ་ཞེས་པའི་ཚགས་པར་ཐོག་ཁྱབ་བསྒྲགས་བྱས་པའི་ས་ཁྲའི་སྟེང་གི་ཁྱབ་ཁོངས་གཉིས་རྒྱ་གར་ལ་དབང་བ་ཡིན་སྐོར་བརྗོད་བཞིན་ཡོད་པ་དང་། གཅིག་དེ་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཆ་ཤས་ཡིན་པར་འདོད་པའི་རྒྱ་གར་གྱི་བྱང་ཤར་ཁུལ་ཨ་རུ་ན་ཅལ་མངའ་སྡེ་ཡིན་པ་དང་། དེའི་བདག་དབང་གི་དོན་དུ་༡༩༦༢ལོར་ཨེ་ཤེ་ཡའི་རྒྱལ་ཁབ་ཆེན་པོ་འདི་གཉིས་བར་དམག་འཁྲུག་བྱུང་ཡོད་པ་རེད།
ས་ཁོངས་གཉིས་པ་དེ་ད་ལྟ་རྒྱ་གར་གྱི་མཐའ་མཚམས་ལ་དྭགས་མངའ་ཁོངས་སུ་ཡོད་པའི་(Aksai Chin)་ཞེས་པ་དེ་ཡིན་པ་དང་། ༢༠༢༠ལོར་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་མཐའ་མཚམས་སྲུང་དམག་བར་(Aksai Chin)་གྱི་ཉེ་འགྲམ་གྷལ་ཝན་ས་གནས་སུ་འཁྲུག་འཛིང་ཤོར་ཏེ་རྒྱ་གར་གྱི་དམག་མི་༢༠དང་ཉུང་མཐར་ཡང་རྒྱ་ནག་གི་དམག་མི་བཞི་བཅས་རྐྱེན་ལམ་དུ་ཤོར་ཡོད་པ་རེད།


གསར་འགོད་པ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎