བཞུགས་སྒར་གངས་སྐྱིད་དུ་བོད་ཀྱི་ས་ཁྲ་འདྲ་མིན་གྱི་འགྲེམས་སྟོན་གནང་བཞིན་འདུག

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་བོད་ཀྱི་འགྲེམས་སྟོན་ཚན་པ་ནས་གོ་སྒྲིག་གནང་སྟེ། འདི་ཚེས་༧ནས་སྤྱི་ཟླ་༡༠པའི་ཚེས་༥བར་གངས་སྐྱིད་བོད་ཀྱི་འགྲེམས་སྟོན་ཁང་དུ། བོད་ཀྱི་ས་ཁྲ་འདྲ་མིན་༤༠ལྷག་འགྲེམས་སྟོན་གྱིས། བོད་ཀྱི་ས་ཁོངས་ཀྱི་འགྱུར་བ་དང་བོད་ཀྱི་ས་བབ་གནས་སྟངས་སོགས་གསལ་སྟོན་གནང་གི་ཡོད་ཅིང་། དེ་ལ་ཨ་མི་རི་ཀའི་(Princeton University)་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ས་ཁྲའི་ཆེད་མཁས་པ་ཤ་བ་ཚེ་རིང་དབང་རྒྱལ་ལགས་ཆེད་དུ་གདན་ཞུས་གནང་ཡོད་པས། ཁོང་གིས་དེང་སང་བོད་པའི་ཡིན་མིན་གྱི་ས་མཚམས་མང་པོ་ཞིག་ཆབ་སྲིད་ཀྱི་ས་ཁྲའི་སྟེང་ནས་འབྱེད་བཞིན་པ་དེ་རྙོག་དྲ་ཚ་བོ་མཐོང་གི་ཡོད་པ་དང་། བོད་ཀྱི་སྲིད་དོན་གྱི་ས་ཁྲ་ལ་ལོ་རྒྱུས་སུ་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་ཧ་གོ་བའི་ཐོག་ནས། བོད་མི་ཚོས་བོད་ཀྱི་རིག་གཞུང་གི་ཁྱབ་ཁོངས་ཀྱི་ས་ཁྲ་ལ་དོ་སྣང་བྱ་དགོས་པ་དང་། ལྷག་པར་ས་མིང་ཆུ་མིང་སོགས་བོད་ཡིག་ཏུ་ཉར་རྒྱུ་གལ་ཆེན་ཡིན་པ་འགྲེལ་བརྗོད་གནང་སོང་།
ད་དུང་ཁོང་གིས། བོད་ཀྱི་ས་ཁྲ་ལ་འགྱུར་བ་འགྲོ་སྟངས་ཀྱི་སྐོར་ངོ་སྤྲོད་གནང་སྐབས། སྤྱི་ལོ་༡༩༡༣དང་༡༤བར་སིམ་ལའི་ཆིངས་ཡིག་གི་སྐབས་སུ། བོད་གཞུང་དགའ་ལྡན་ཕོ་བྲང་གི་བློན་ཆེན་བཤད་སྒྲ་དཔལ་འབྱོར་རྡོ་རྗེ་ལགས་ནས། དཔང་རྟགས་རྒྱལ་རབས་ལོ་རྒྱུས་ཀྱི་ཡིག་ཆ་ཧ་ཅང་འབོར་ཆེན་ཆེད་དུ་ཁུར་ཏེ། བོད་ཀྱི་ས་ཁོངས་ངོས་འཛིན་གནང་བའི་ཤར་ཕྱོགས་ཀྱི་ས་མཚམས་ཁག་ནི། ཤར་དར་རྩེ་མདོ་དང་མདོ་སྨད་མཚོ་སྔོན་གྱི་རྒྱ་ཡི་མཆོད་རྟེན་དཀར་པོ་ཡན་ཆད། གོང་སྐུ་རྨེ་རུ་ལ་རྡོ་རིང་བཙུགས་པའི་ས་མཚམས་ཚུན་ཆད་བོད་ཀྱི་ས་ཁོངས་བསྙོན་མེད་ཡིན་པའི་ཁུངས་སྐྱེལ་གནང་ཡོད་པའང་འགྲེལ་བརྗོད་གནང་སོང་།
གཞན་ཡང་འགྲེམས་སྟོན་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱང་ཆེད་ཕེབས་གནང་སྟེ། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱིས་བོད་རིགས་ཡོངས་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིག་རྒྱ་ནག་གཞུང་ལ་སྤྲད་ཡོད་པ་དེ། ང་ཚོའི་རྩ་འཛིན་ཡིག་ཆ་ཆགས་ཡོད་པས་དེ་ལ་བསྐྱར་བཅོས་དང་འགྱུར་བ་མ་ཕྱིན་གྱི་བར་དུ། དེའི་ནང་དགོས་འདུན་གང་བཏོན་པ་དེར་ད་ལྟའི་ཆ་ལ་ང་ཚོ་དེའི་སྟེང་གནས་དགོས་པ་ཆགས་ཡོད་པ་དང་། ས་ཁྲ་རིག་པ་ལ་རྒྱལ་ཁབ་བྱེ་བྲག་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་། ད་ལྟའི་གནས་བབ། མ་འོངས་པའི་ཁ་ཕྱོགས་གང་ལ་འགྱུར་མིན་གྱི་ཚོད་དཔག་གི་ནུས་པ་ཡོད་པ་སོགས་འགྲེལ་བརྗོད་གནང་ཡོད་པ་རེད།
ཕྱི་དྲིལ་ལས་ཁུངས་བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ནས། ཁོང་ཚོས་སྐབས་སུ་བབས་པ་ས་ཁྲ་༤༢བདམས་ཡོད་པ་དང་། དེའི་ནང་ནས་ས་ཁྲ་༡༠ས་ཁྲ་ངོ་མ་དེ་ཆགས་བསྡད་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
བོད་ཀྱི་ས་ཁྲའི་དུས་ཐུང་འགྲེམས་སྟོན་འདིར་གཙོ་བོ་དུས་མཚམས་མི་འདྲ་བ་བཞི་ལ་བགར་ཡོད་པ་དང་། དེ་ཡང་དུས་རབས་བཅུ་བདུན་པའི་ནང་འཛམ་གླིང་སྤྱི་ལ་ས་ཁྲ་དང་ས་ཐིག་གི་ལམ་སྲོལ་ཤུགས་ཆེར་དར་ཡོད་པས། སྐབས་དེ་དུས་ནས་དུས་རབས་བཅུ་དགུ་བ་བར་གྱི་བོད་ཀྱི་ས་ཁྲ་བཀོད་ཡོད་པ་དང་། གཉིས་པ་༡༩༠༤ནས་༡༩༡༨བར་བོད་ཀྱི་ལོ་རྒྱུས་ས་ཁྲ་འདྲ་མིན་གྱི་སྐོར་བཀོད་ཡོད་པ། ནང་གསེས་གསུམ་པ་ནི་སྤྱི་ལོ་༡༩༥༠རྗེས་སུ་རྒྱ་ནག་གིས་འཁྱོག་བརྗོད་ཀྱིས་བྲིས་པའི་ས་ཁྲ་ལ་བོད་མིས་ལན་འདེབས་ཀྱི་ས་ཁྲ་བྲིས་པ་ཁག་དང་། ནང་གསེས་བཞི་པ་ནི་དུས་རབས་༡༨དང་༡༩བར་བོད་ཀྱི་རྒྱལ་ས་ལྷ་སའི་ས་ཁྲ་ནུབ་ཕྱོགས་པ་ཚོས་བཀོད་པ་ཁག་འགྲེམས་སྟོན་གནང་གི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།