ཤིན་ཅང་ཁུལ་དུ་གནས་ཚུལ་མཁོ་སྒྲུབ་ལ་དམ་བསྒྲགས་ཡོད་པ།
2009.07.09
༄༅༎རྒྱ་ནག་གཞུང་ནས་ཤིན་ཅང་ཁུལ་ཕྱི་རྒྱལ་གསར་འགོད་པ་བཏང་ཡོད་ཀྱང་མང་ཚོགས་ཐོག་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུའི་མཐུན་རྐྱེན་ཁག་དམ་བསྒྲགས་ཇེ་ཤུགས་ཆེ་རུ་བཏང་ཡོད་པའི་གནས་ཚུལ་འདུག
ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ནས་དེ་རིང་གནས་ཚུལ་སྤེལ་བར་ལྟར་ན་སྔ་ལོ་བོད་ནང་དང་བྱུང་བའི་གནས་ཚུལ་དང་མི་འདྲ་བར་ཤིན་ཅང་ཁུལ་རྙོག་དྲ་བྱུང་བའི་རྗེས་སུ་རྒྱ་ནག་གཞུང་ནས་ཕྱི་རྒྱལ་གསར་འགྱུར་འགོད་མཁན་ཚོར་དམ་བསྒྲགས་དེ་ཙམ་མེད་པའི་ཐོག་ནས་གནས་ཚུལ་བཀོད་རྒྱུ་དང་ལྷག་པར་དུ་རྒྱ་ཧན་མི་རིགས་དང་ཡུ་གུར་མི་རིགས་གཉིས་ཀར་འདྲི་རྩད་བྱེད་རྒྱུའི་ཆོག་མཆན་སྤྲད་ཡོད་པ་ནི་རྒྱ་ནག་གཞུང་ནས་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་པའི་རྣམ་པ་གསར་པ་ཞིག་རེད།
ཡིན་ནའང་ཕྱོགས་གཞན་ཞིག་ནས་གཞུང་གིས་རྒྱལ་ནང་དང་ལྷག་པར་དུ་རྙོག་དྲ་བྱུང་ཡུལ་ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆིའི་ནང་གི་དྲ་རྒྱ་དང་ཁ་པར་གཏོང་ལེན་བྱེད་རྒྱུ།ཡུའུ་ཀྲུབ་ཀྱི་གཙོས་དེང་རབས་ཅན་གྱི་འཕྲུལ་རིགས་ཐོག་ནས་གནས་ཚུལ་མཁོ་སྤྲོད་བྱེད་ཡུལ་གྱི་ཆ་རྐྱེན་ཚང་མའི་ཐོག་བཀག་འགོག་བྱེད་བཞིན་ཡོད་འདུག དེ་དང་ཕྱོགས་མཚུངས་རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ནང་རྒྱ་ཧན་མི་རིགས་ཚོར་གོད་ཆགས་ཕོག་པའི་གནས་ཚུལ་བཀོད་ཐོན་དང་བརྙན་འཕྲིན་སོགས་ཀྱི་ནང་བཏོན་པ་ལས་ཡུ་གུར་མི་རིགས་ཚོའི་ཐོག་བྱུང་བའི་གནས་ཚུལ་རྣམས་ཕྱི་བསྒྲགས་བྱེད་ཀྱི་མེད་པ་ནི་མི་རིགས་དབར་དེ་བས་འཁོན་འཁྲུག་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཞིག་ཆགས་ཀྱི་ཡོད་པ་དང་ལྷག་པར་དུ་ཡུ་གུར་མི་རིགས་ཚོར་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་ཚོར་སྣང་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པའི་དཔྱད་ཞིབ་བྱེད་ཀྱི་ཡོད་འདུག།