རྒྱ་ནག་གི་ཚོགས་ཆེན་གཉིས་འཚོག་བཞིན་པར་བརྟེན་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཚོ་བཀག་ཉར་དང་དམ་དྲག་བྱེད་བཞིན་ཡོད་འདུག

2025.03.05
རྒྱ་ནག་གི་ཚོགས་ཆེན་གཉིས་འཚོག་བཞིན་པར་བརྟེན་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཚོ་བཀག་ཉར་དང་དམ་དྲག་བྱེད་བཞིན་ཡོད་འདུག རྒྱ་ནག་མི་དམངས་ཚོགས་ཁང་ཆེན་མོའི་མདུན་ཉེན་རྟོག་པས་རླངས་འཁོར་སོགས་ལ་འགད་རྫས་ཡོད་མེད་བརྟག་དཔྱད་བྱེད་བཞིན་པ། ༢༠༢༥།༣།༣
AP

འདི་ཚེས་ ༤ དང་ ༥ སོ་སོར་རྒྱ་ནག་གི་ལོ་རེའི་ཚོགས་ཆེན་གཉིས་ཞེས་བ་རྒྱ་ནག་རྒྱལ་ཡོངས་མི་དམངས་ཆབ་སྲིད་གྲོས་ཚོགས་དང་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་གཉིས་འགོ་ཚུགས་ཡོད་པ་དང་། རྒྱ་ནག་གཞུང་གིས་རྒྱལ་ནང་གི་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཚོ་འཛིན་བཟུང་བཀག་ཉར་དང་དམ་དྲག་བྱེད་བཞིན་ཡོད་འདུག
གཞན་གཞུང་ལམ་དང་ལམ་ཆེན་ཁག་ཚོགས་འདུར་ཡོང་བའི་རྒྱ་ནག་གི་དཔོན་རིགས་ཚོ་དང་འཐུས་མི་ཚོས་བེད་སྤྱོད་བྱས་བར་བརྟེན་རླངས་འཁོར་འགག་པ་དང་། རྒྱལ་ས་པེ་ཅིང་དུ་ཞུ་གཏུག་སྙན་ཞུ་རྒྱག་མཁན་དག་ཚོགས་ཆེན་མ་ཚོགས་གོང་ནས་འཛིན་བཟུང་བཀག་ཉར་བྱས་ནས་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཚོ་བཀག་ཉར་དང་གང་སར་དམ་དྲག་བྱེད་བཞིན་ཡོད་པ་རྒྱལ་ས་པེ་ཅིང་ནང་གནས་སྡོད་བྱེད་མི་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་བརྗོད་འདུག
གཞན་གོང་ཞུས་ཚོགས་ཆེན་དེ་གཉིས་འཚོག་སའི་ཉེ་འཁྲིས་ཀྱི་སྣུམ་འཁོར་ཁག་ནང་འགད་རྫས་སོགས་ཡོད་མེད་རྒྱ་ནག་གི་ཉེན་རྟོག་པས་བརྟག་དཔྱད་བྱེད་ཀྱི་ཡོད་པ་དང་། རྒྱལ་ས་པེ་ཅིང་ནང་གནས་སྡོད་བྱེད་མི་ཚོས་རྒྱལ་ས་ཁྱོན་ཡོངས་ནས་འཚང་ཀ་ཆེན་པོ་ཡོད་པ་དང་ས་གནས་གང་སར་དོགས་ཟོན་ཆེད་ཞིབ་བཤེར་བྱེད་མཁན་མང་པོ་ཡོད་པར་མི་འདོད་པའི་རྣམ་འགྱུར་སྟོན་བཞིན་ཡོད་པ་དང་། རྒྱལ་ས་པེ་ཅིང་ནང་གནས་སྡོད་རྒྱ་མི་ (Je Jinghuan) ཟེར་བ་ཞིག་གིས་ཁོང་རང་རྒྱལ་སའི་ནང་རླངས་འཁོར་བཏང་སྟེ་བསྐྱོད་སྐབས་ལམ་ཁ་ཚང་མ་བཀག་ནས་མི་མང་དཀྱུས་མ་ཚོ་བསྐྱོད་ས་ལམ་བུ་གཅིག་ལས་མེད་པ་དང་དེའི་རྗེས་སུ་སྤྱི་སྤྱོད་རླངས་འཁོར་གསུམ་སླེབས་པར་ལམ་ཁ་འགག་ནས་འགུལ་བསྐྱོད་མ་ཐུབ་པར་ཡུན་རིང་ལུས་སྐོར་འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་བརྗོད་འདུག

Beijing groans under tight security.png
རྒྱ་ནག་པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན། ༢༠༢༥།༣།༤ པར། Getty Images


རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་ཆེན་ཟེར་བའི་ནང་། རྒྱ་ནག་གཞུང་འཛིན་དམར་ཤོག་ཚོགས་པའི་གནས་རིམ་མཐོ་ཤོས་རྒྱ་ནག་གི་ཐབས་ཕྱོགས་གཅིག་གྱུར་ཁང་གི་ཚོགས་མི་དང་དོ་སྣང་ཆེན་པོའི་སྒོ་ནས་བདམས་པའི་རྒྱ་ནག་གཞུང་ལ་ཤ་ཞེན་ཡོད་པའི་འཐུས་མི་ཁག་ཡོད་པ་དང་། ཁོང་ཚོའི་ཁྲོད་ནས་མི་སྣ་སྐད་གྲགས་ཅན་དང་གྲངས་ཉུང་མི་རིགས་ཀྱི་སྐུ་ཚབ་ཡང་རྒྱ་ནག་རྒྱལ་ཡོངས་ཀྱི་བུད་མེད་ཚོགས་པ་དང་། རྒྱ་ནག་རྒྱལ་ཡོངས་ཀྱི་ངལ་རྩོལ་ཚོགས་པའི་ཚོགས་མི་སོགས་ཀྱང་ཡོད་འདུག
འདི་ཚེས་ ༥ རེས་གཟའ་ལྷག་པའི་ཉིན་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བ་འགོ་བཙུགས་པ་དང་། རྒྱལ་སའི་ནང་གནས་སྡོད་བྱེད་མི་ཚོས་རྒྱ་ནག་མི་དམངས་ཚོགས་ཁང་ཆེན་མོ་ཞེས་པའི་ཉེ་འཁྲིས་སུ་རླངས་འཁོར་བཏང་ནས་འགྲོ་མི་ཆོག་པའི་སྔོན་བརྡ་བཏང་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་གཙོས་པའི་དཔོན་རིགས་ཚོ་ཚོགས་འདུའི་སྒོ་འབྱེད་མཛད་འགོར་ཕྱི་དྲོའི་ཆུ་ཚོད་༣་ཙམ་ལ་བཅར་བ་དང་ཚོགས་འདུའི་ཚོགས་གཙོ་ (Wang Huning) གྱིས་འཐུས་མི་ ༢༠༠༠ ་ཙམ་ལ་ལོ་འཁོར་ལས་དོན་སྙན་སྒྲོན་ཞུས་པ་དང་། སྐབས་དེར་ཁོ་པས་མཐུན་སྒྲིལ་དང་མཛའ་འབྲེལ་གོང་འཕེལ་གཏོང་དགོས་སྐོར་སོགས་ཀྱི་གཏམ་བཤད་བྱས་འདུག
དེ་བཞིན་རྒྱ་ནག་གི་ཚོགས་ཆེན་གཉིས་འགོ་ཚུགས་པ་དང་ལྷག་པར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བའི་དུས་སུ། རྒྱ་ནག་གི་འབྲེལ་ཡོད་སྡེ་ཚན་གྱི་དཔོན་རིགས་རྣམས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་འདྲ་མིན་དུ་མངགས་གཏོང་གིས་༼ཕྱི་ཟླ་གསུམ་པའི་བདེ་འཇགས་བརྟན་སྲུང་ཁག་ཐེག་བྱེད་པ་དེ་གལ་ཆེན་དང་ཧ་ཅང་གནད་འགག་ཆགས་ཡོད་༽ཚུལ་ནན་བརྗོད་དང་ཚོགས་འདུ་འདྲ་མིན་ཚོགས་ནས་ས་གནས་སུ་དམ་དྲག་བྱེད་བཞིན་ཡོད་འདུག།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎