གསུམ་བཅུའི་དུས་དྲན་ཚེས་ལ་ཉེ་བ་དང་རྒྱ་ནག་གི་ཚོགས་ཆེན་གཉིས་འཚོགས་བཞིན་པའི་སྐབས་འདིར་བོད་ནང་དམ་དྲག་ཇེ་ཆེར་གཏོང་བཞིན་འདུག

རྒྱ་ནག་གི་ཚོགས་ཆེན་གཉིས་འགོ་ཚུགས་པ་དང་ལྷག་པར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཚེས་ལ་ཉེ་བའི་དུས་སུ། རྒྱ་ནག་གི་འབྲེལ་ཡོད་སྡེ་ཚན་གྱི་དཔོན་རིགས་རྣམས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་འདྲ་མིན་དུ་མངགས་གཏོང་གིས་༼ཕྱི་ཟླ་གསུམ་པའི་བདེ་འཇགས་བརྟན་སྲུང་ཁག་ཐེག་བྱེད་པ་དེ་གལ་ཆེན་དང་ཧ་ཅང་གནད་འགག་ཆགས་ཡོད་༽ཚུལ་ནན་བརྗོད་བྱེད་བཞིན་ཡོད་པ་ལྟར། ཉེ་ཆར་གྱི་ཕྱི་ཟླ་གཉིས་པའི་ཚེས་ ༢༨ ཉིན་སྨར་ཁམས་རྫོང་ཉེན་རྟོག་ལས་ཁུངས་ཀྱིས་ཚོགས་འདུ་བསྡུས་ནས་ཕྱི་ཟླ་གསུམ་པའི་བདེ་འཇགས་བརྟན་སྲུང་ཁག་ཐེག་ཟེར་བའི་ལས་དོན་སྤེལ་ཡོད་པ་དང་། ཡང་ཆབ་མདོ་ནས་ཕྱི་ཟླ་༢ པའི་ཚེས་ ༡༡ དང་ཚེས་ ༢༥། ཕྱི་ཟླ་ ༣ པའི་ཚེས་ ༢ ་བཅས་སོ་སོར་ས་གནས་ཀྱི་གྲོང་བརྡལ་གྱི་ཚོགས་འདུ་བསྡུས་ནས་རྫོང་རིམ་པའི་ལས་བྱེད་སྐུལ་སློང་བྱས་ཏེ། མཛོ་སྒང་རྫོང་གི་ཡུལ་ཚོ་སོ་སོའི་ནང་ཕྱི་ལོ་ ༢༠༢༥ ལོའི་བོད་ཀྱི་ལོ་སར་དང་རྒྱ་ནག་གི་ཚོགས་ཆེན་གཉིས། དེ་བཞིན་ཕྱི་ཟླ་གསུམ་པའི་དུས་སུ། ལས་བྱེད་མངགས་གཏོང་གིས་མང་ཚོགས་ནང་བདེ་འཇགས་བརྟན་ལྷིང་ལས་དོན་དེ་ཆབ་སྲིད་ཀྱི་ལས་དོན་གཙོ་བོར་འཇོག་དགོས་པའི་སྐོར་གྱི་དྲིལ་བསྒྲགས་སྤེལ་ཡོད་པ་རེད། དེ་བཞིན་གཞིས་ཀ་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་དུ་ཕྱི་ཟླ་གཉིས་པ་དང་གསུམ་པར་ཚོགས་འདུ་ཐེངས་མང་བསྡུས་ནས་རྒྱ་ནག་གི་ཚོགས་ཆེན་གཉིས་དང་ཕྱི་ཟླ་གསུམ་པའི་བདེ་འཇགས་བརྟན་ལྷིང་གི་གལ་གནད་ལས་དོན་ཟེར་བ་དང་གཞིས་རྩེ་གྲོང་ཁྱེར་གྱི་འགོ་ཁྲིད་ཀྱི་ལམ་སྟོན་ཁྱབ་བསྒྲགས་ནན་བརྗོད་བྱས་འདུག དེ་བཞིན་རྒྱ་ནག་གི་དཔོན་རིགས་ནས་གཟབ་ནན་གྱི་སྒོ་ནས་བདེ་འཇགས་བརྟན་ལྷིང་ཐད་ལྟ་རྟོག་གིས་ཞིབ་བཤེར་ལས་དོན་སྤེལ་དགོས་ཚུལ་དང་། ལས་དོན་དེ་དག་ནི་ཆབ་སྲིད་ཀྱི་དགོས་འདུན་ཡིན་ཕྱིར་འོས་འགན་འཐུས་ཤོར་མེད་པར་བསྒྲུབ་དགོས་ཚུལ་ནན་བརྗོད་བྱས་འདུག

དེ་མིན་ཕྱི་ཟླ་ ༣ པའི་ཚེས་ ༣ ཉིན་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་འཐུས་མི་ཚོགས་པའི་ཐེངས་དང་པོའི་ཚོགས་འདུར་ཝང་ཀྲིན་ཅོན་ཚོགས་གཙོ་བསྐོ་བཞག་བྱས་ཤིང་། ཝང་ཀྲིན་ཅོན་ནས་དེ་ནི་རྒྱ་ནག་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་དོན་དག་གལ་ཆེན་ཞིག་ཡིན་པ་མ་ཟད། ད་ལོ་ནི་རྒྱ་ནག་གི་ལོ་ལྔའི་འཆར་འགོད་ཐེངས་བཅུ་བཞི་བ་མཇུག་སྒྲིལ་བའི་ལོ་ཡིན་པ་བརྗོད་ཡོད་འདུག
རྒྱ་ནག་གི་ཚོགས་ཆེན་གཉིས་སྟེ་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཚོགས་ཆེན་དེ་ཕྱི་ཟླ་༣པའི་ཚེས་༤་དང་། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དེ་ཕྱི་ཟླ་༣པའི་ཚེས་༥་ཉིན་ནས་ཚོགས་འགོ་བཙུགས་བཞིན་པ་རེད།
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།